ཚོགས་གཙོས་དགོངས་པ་ཞུ་ཡི་ཡིན་གསུངས་ནས་ཕྱི་ལ་ཕེབས་སོང།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཚོག་བཞིན་པའི་སྐབས་སྟེ། ཟླ་འདིའི་ཚེས་༡༩ ཉིན་གྱི་སྔ་དྲོའི་ལས་རིམ་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྔོན་རྩིས་སྐོར་ལ་བགྲོ་གླེང་གནང་བཞིན་པའི་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སྔོན་མ་ཁྲིམས་གཏུག་བྱས་པའི་སྤྱི་རྒྱུ་སྒེར་བདག་དང་འབྲེལ་བའི་སྐོར་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་གླེང་སློང་བྱས་ཡོད་པ་རེད།

2015_3_16སྐབས་དེར་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་གྲོས་ཚོགས་འདིའི་ནང་སྤྱི་རྒྱུ་སྒེར་བདག་བྱེད་མཁན་དང་། ལྐོགས་ཟ་རུལ་སུངས་བྱེད་མཁན་ཡོད་པ་དང་། དེ་བཞིན་སྔོན་མ་གྲོས་ཚོགས་སྐབས་བཅུ་གསུམ་པའི་སྐབས། མི་གསོད་ཁྲག་སྦྱོར་གྱི་རྙོག་གླེང་དང་འབྲེལ་བའི་བཀའ་བློན་ལ་ཕེབས་མ་ཐུབ་པའི་གང་ཟག་དེ་གྲོས་ཚོགས་འདིའི་ནང་ཡོད་པ་རེད། ངས་དེ་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་སོགས་འགྲེལ་བརྗོད་གནང་ཡོད་པ་རེད།

སྐབས་དེར་གྲོས་ཚོགས་ཚོགས་གཙོ་སྤེན་པ་ཚེ་རིང་ཡར་བཞེངས་སྟེ། མི་གསོད་ལག་དམར་འདིར་ཡོད་པ་རེད་ཟེར་གྱི་ཡོད་པ་དང་། གྲོས་ཚོགས་སྐབས་བཅུ་གསུམ་པའི་ནང་བཀའ་བློན་འོས་མིར་སླེབས་པ་དེ་ཚོགས་གཙོ་ཁོང་ཡིན་སྐོར་དང་། གྲོས་ཚོགས་ནང་གི་སྐད་ཆ་ཁྲིམས་གཏུག་བྱས་ཆོག་གི་མེད་པས། ཕྱི་ལ་ཐོན་ནས་སྐད་ཆ་བཤད་ན་ཁོང་སྤེན་པ་ཚེ་རིང་གིས་ཁྲིམས་གང་ལ་གཏུག་དགོས་ནའང་གཏུག་གི་ཡིན་སྐོར་དང་། སྔོན་མ་ནས་གྲོས་ཚོགས་ཀྱི་འགྲོ་ལུགས་ལ་བརྩིས་ནས་ཁྲིམས་གཏུག་བྱས་མེད་སྐོར། དེའི་སྐབས་ཀྱང་ཕྱི་ལ་ཐོན་ནས་སྐད་ཆ་བཤད་ན་གང་ལ་གཏུག་དགོས་ཀྱང་གཏུག་གི་ཡིན་སྐོར་ལབ་ཡོད་སྐོར་སོགས་གསུངས་སྟེ། ཁོང་ཚོགས་གཙོའི་ལས་རིམ་ནས་དགོངས་པ་ཞུ་ཡི་ཡིན་ཞེས་གསུངས་སྟེ། ཕྱི་ལ་ཕེབས་ཡོད་པ་རེད།
བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེའི་སྐབས་དང་པོར་སྤྱི་འཐུས་སྤེན་པ་ཚེ་རིང་བཀའ་བློན་གྱི་འོས་མིར་བཏོན་ཡོད་ནའང་། གྲོས་ཚོགས་ནང་ནས་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་གྱིས་ཁོང་ལ་བཀའ་བློན་གྱི་འོས་ཚང་གི་མེད་པ་དང་། མི་གསོད་ཀྱི་ནག་ཉེས་ཡོད་སྐོར་བརྗོད་དེ་དགག་པ་བརྒྱབ་པར་བརྟེན། གྲོས་ནང་འོས་ཤོག་བླུགས་སྐབས། བཀའ་བློན་གྱི་འོས་ཐོབ་མེད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༣༠ ཀློག་གྲངས།