བོད་ཤི་ན། ཨེ་ཤི་ཡ་སྐམ་འགྲོ་ཞེས་པའི་ལས་འགུལ།

ཟླ་འདིའི་ཚེས་༢༢ ཉིན་ནི་འཛམ་གླིང་གི་ཆུའི་ཉིན་མོ་ཞེས་ཆུ་གལ་ཆེན་ཡིན་སྐོར་དང་འབྲེལ་ནས། ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་པ་ལྟར། དྷ་སར་བོད་ཀྱི་ཆུ་སྲུང་སྐྱོབ་དགོས་པ་དང་། བོད་ཀྱི་ཆུ་དེ་ཨེ་ཤི་ཡའི་སྲོག་རྩ་ཡིན་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

_MG_7009ལས་འགུལ་དེ་བོད་ཀྱི་བུད་མེད་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག དྷ་ས་མེག་གྷན་ཁྲོམ་གཞུང་དུ་བོད་ཀྱི་ཁོར་ཡུག་གལ་ཆེན་ཡིན་སྐོར་ཁྲོམ་སྐོར་ཞོར་དུ་འཁྲབ་སྟོན་བྱས་ཡོད་པ་རེད།

མེག་གྷན་ཉིན་སློབ་ཏུ་ཕྱི་རྒྱལ་དང་བོད་མི་འཛོམས་ཐོག རྒྱལ་སྤྱིའི་ཁོར་ཡུག་ལས་འགུལ་བ་དང་གསར་འགོད་པ་མི་ཁཱེལ་བྷག་ལེ་ཡིས་གསར་བཟོ་བྱས་པའི་བོད་ཀྱི་གཙང་པོ་དང་གཏེར་ཁ་རྣམས་བགས་མེད་ལོག་སྤྱོད་ཀྱི་གནས་སྟངས་སྐོར་གྱི་“རྨས་བཞིན་པའི་ངོ་གདོང་” <Scarring the Surface> ཞེས་པའི་གློག་བརྙན་བཤམ་སྟོན་བྱས་ཡོད་པ་རེད།

དེ་རྗེས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨེ་ཤི་ཡའི་འགན་འཛིན་རྡོ་རྗེ་ཚེ་བསྟན་གྱིས་ལས་འགུལ་ངོ་སྤྲོད་གསུང་བཤད་གནང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཁོར་ཡུག་སྐོར་ལ་ཉམས་ཞིབ་པ་བསྟན་པ་རྒྱལ་མཚན་གྱིས་རྒྱ་ནག་གཞུང་གིས་བོད་ནང་གི་ཁོར་ཡུག་གཏོར་བཤིག་དང་། རྒྱུག་ཆུ་འབགས་བཙོག་སྐོར་གྱི་འདྲ་པར་བསྟན་པ་དང་འབྲེལ་གཏམ་བཤད་གནང་ཡོད་པ་རེད།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཁོར་ཡུག་ཚན་པའི་ལས་བྱེད་རྡོ་རྗེ་སྐྱིད་ཀྱིས་“ལོ་རབས་མང་པོའི་རིང་རྒྱ་ནག་ཚུད་པའི་བོད་ཀྱི་གཙང་པོའི་གཞུང་རྒྱུད་དུ་ཆགས་པའི་རྒྱལ་ཁབ་༡༡ ལ་བོད་ཀྱི་གཙང་ཆུ་ཞིང་ཁར་འདྲེན་རྒྱུ་ཡོད་པ་མ་ཟད། སྟོན་ཐོག་ལོ་ལེགས་དང་བཅུད་ལྡན་ཆགས་པའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་རེད་”ཅེས་དང་། “འདས་པའི་ལོ་དྲུག་ཅུ་ཙམ་གྱི་རིང་ལ། རྒྱ་ནག་གི་བོད་ནང་གཏེར་ཁ་ཚད་ལས་བརྒལ་བ་རྔོགས་འདོན་དང་། ཆུ་མཛོད་བརྒྱབ་པ། གཙང་ཆུ་ཁ་བསྒྱུར་གྱི་ལས་གཞི་སོགས་ཀྱི་སྲིད་ཇུས་ཀྱིས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པར་བརྟེན། རྒྱ་གར་སོགས་མཐའ་བཞིའི་གཙང་པོའི་གཞུང་རྒྱུད་ཀྱི་རྒྱལ་ཁབ་ཚང་མར་ཤུགས་རྐྱེན་ངན་པ་བྱུང་ཡོད།”ཅེས་གསུངས་སོང་།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་ལས་འགུལ་འགན་འཛིན་རྗོ་སི་ན་ཡིས་“ང་རང་རྒྱ་གར་གྱི་མི་སེར་ཞིག་ཡིན་པའི་ཆ་ནས། དེ་རིང་འཛམ་གླིང་ཆུའི་ཉིན་མོར། ང་ཚོས་གོ་སྐབས་འདི་བརྒྱུད་དེ། རྒྱ་གར་གཙོས་བོད་ཀྱི་གཙང་པོའི་གཞུང་རྒྱུད་ཀྱི་རྒྱལ་ཁབ་ཁག་དགུ་ཡི་དབུ་ཁྲིད་རྣམས་ལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས། བོད་ཀྱི་གཙང་པོ་སྟེ་ང་ཚོ་ཐུན་མོང་གི་ཚེ་སྲོག་ཏུ་གྱུར་པའི་བོད་ཀྱི་གཙང་ཆུ་རྣམས་སྲུང་སྐྱོབ་བྱེད་པའི་འབོད་སྒྲ་མཉམ་སྒྲོག་བྱེད་པའི་སྙན་ཞུ་ཞིག་འབུལ་གྱི་ཡོད། དེ་ལྟར་ཚང་མ་མཉམ་རུབ་ཀྱིས་ཡར་ལངས་བྱས་ན། རྒྱ་ནག་གིས་བོད་ཀྱི་གཙང་པོ་ཁྲེལ་མེད་ངང་རྐུ་བཞིན་པ་འདི་ཨེ་ཤི་ཡའི་ནང་གཙང་ཆུ་བདེ་འཇགས་ཡོང་ཐུབ་”ཅེས་བརྗོད་ཡོད་པ་རེད།

_MG_7024གོ་སྒྲིག་པ་ཚོགས་པ་གཉིས་ཀྱིས་འཛམ་གླིང་ཆུའི་ཉིན་མོ་སྲུང་བརྩིེ་ཆེད་མི་མང་ལ་ས་རྟགས་བསྡུ་རུབ་དང་། བྷང་ལ་དྷེ་ཤི་དང་། རྒྱ་ནག  པ་ཀི་སི་ཐན། བལ་ཡུལ། འབྲུག འབར་མ། ཝི་ཏི་ནམ། ཀམ་བྷོ་ཌི་ཡ། ལའོ་སི་སོགས་ཀྱི་སྲིད་བློན་ལས་ཁུངས་དང་གཞུང་ཚབ་བཅས་ལ་བོད་ཀྱི་ཆུ་དེ་སྲུང་སྐྱོབ་མ་ཐུབ་ན་ཨེ་ཤི་ཡ་སྤྱི་ལ་གནོད་ཀྱི་ཡོད་སྐོར་གྱི་སྙན་ཞུ་བཏང་ཡོད་པ་རེད།

ལས་འགུལ་བ་རྣམས་ཀྱིས་“བོད་ཤི་ན། ཨེ་ཤི་ཡ་སྐམ་འགྲོ”ཞེས་དང་། “རྒྱ་གར་ཤུགས་རྒྱོབས། ཡར་ལུང་གཙང་པོའི་ཆེད་ལོངས་ཤོག་”ཅེས་དང་།  “བོད་ཀྱི་གཙང་པོ་སྐྱོབས་དགོས་”ཞེས་སོགས་འབོད་ཚིག་བསྒྲགས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

 

 

Share this:
༧༩ ཀློག་གྲངས།