ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སྐུ་ཚབ་ངྷ་སར་ཕེབས་པ།

ཟླ་འདིའི་ཚེས་༡༣ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སློབ་སྟོན་པ་རྒན་པ། ཨ་རིའི་ནང་སྲིད་ལས་དོན་གྱི་ཕྱག་རོག་ཝ་ལི་རི་ཡ་རྗ་རིཊི་མཆོག་དང། མི་མང་ལས་དོན་བྱེད་སྒོ་ཁག་གི་ལས་བྱེད་ཀྱི་གཙོ་བོ་མཱ་ཁེལ་མཆོག འཛམ་གླིང་གི་གནད་དོན་དང་དམིགས་བསལ་བོད་ཀྱི་གནད་དོན་ཐད་ཀྱི་འབྲེལ་མཐུད་པ་མཱ་རིའོ་ཨོ་ཊི་རོ་མཆོག་ཕྱག་རོགས་བཅས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་རྒྱ་ནག་ཏུ་མ་ཕེབས་པའི་སྔོན་དུ་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་སྐོར་དང༌། བོད་ཀྱི་གནད་དོན་ཐད་ལ་བཀའ་བསྡུར་གནང་རྒྱུའི་ཆེད་དུ་བཞུགས་སྒར་དུ་ཕེབས་ཡོད་པ་རེད།

དེ་ཡང་༧གོང་ས་མཆོག་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་ཆིབས་བསྒྱུར་གནང་གྲུབ་རྗེས། ཟླ་འདིའི་ཚེས་༡༣ ཉིན་གྱི་ཕྱི་དྲོར་བཞུགས་སྒར་དྷ་སར་ཞབས་སོར་བདེ་བར་འཁོད་པ་དང་དུས་མཚུངས། ཨ་རིའི་སྲིད་འཛིན་ཨོ་བྷ་མའི་འཛིན་སྐྱོང་གི་སྐུ་ཚབ་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་དེའང་བཞུགས་སྒར་དུ་ཕེབས་ཡོད་པ་རེད། ཉིན་དེར་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་འཛིན་སྐྱོང་གི་སྐུ་ཚབ་རྣམ་པ་དང། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་སོགས་ཀྱིས། ཆུ་ཚོད་༢ ཚོགས་འདུ་ཟུར་འཚོགས་གནང་ཡོད་འདུག ཚེས་༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་༩    ནས་༡༡    བར་ཆུ་ཚོད་གཉིས་རིང་ཨ་རི་སྲིད་འཛིན་གྱི་སྐུ་ཚབ་རྣམ་པ་དང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག བོད་གཞུང་དྲིལ་བསྒྲགས་བཀའ་བློན།    དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་བཅས་དང་ལྷན་དུ་ཕོ་བྲང་དུ་༧གོང་ས་མཆོག་དང་མཇལ་འཕྲད་གནང་བ་དང། ལོ་སྔོན་མའི་ཟླ་བ་༣ པའི་ནང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་ཕི་ལོ་སི་བཞུགས་སྒར་དུ་ཕེབས་པའི་རྗེས་ནས། ཐེངས་འདིའི་ཨ་རིའི་འཛིན་སྐྱོང་གི་ཆེས་མཐོའི་དཔོན་རིགས་དྷ་སར་གཞུང་འབྲེལ་གྱིས་གཟིགས་སྐོར་སྐུ་ཚབ་ཕེབས་པ་ཐོག་མ་དེ་ཆགས་ཡོད་པ་རེད།

གཟིགས་སྐོར་སྐུ་ཚབ་ཕེབས་དགོས་དོན་སོགས་གཞུང་འབྲེལ་གྱིས་གསར་འགོད་གསལ་བསྒྲགས་སོགས་གང་ཡང་གནང་མེད་རུང། རྒྱ་བོད་གཉིས་དབར་༢༠༠༢ ནས་ཐེངས་བརྒྱད་ཙམ་གྲོས་མོལ་གནང་ཡོད་པ་དང།    རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་དགོས་འདུན་བཏོན་པའི་ཟིན་བྲིས་ཕྱིར་སློག་བྱས་པའི་གནད་དོན་གྱི་སྐོར། དེ་བཞིན་རིང་མིན་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་ཏུ་ཕེབས་རྒྱུ་ཡིན་པས། བོད་ཀྱི་གནད་དོན་ལ་གྲོས་མོལ་གནང་ཕྱོགས་སྐོར་གྱི་ཆེད་དུ་ཡིན་ཚུལ་སོགས། གསར་ལམ་ཁག་ནས་གནས་ཚུལ་སྤེལ་ཡོད་པ་རེད།

དེ་བཞིན་ཨ་རིའི་གཞུང་འབྲེལ་སྐུ་ཚབ་དྷ་སར་ཕེབས་པ་བསྟུན་ནས་ཆབ་སྲིད་བཙོན་ཟུར་ཁག་ལ་ཐུག་འཕྲད་གནང་བ་དང།    དབུས་སྣེ་ལེན་ཁང་དུ་ཕེབས་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་གྱི་སྐོར་ལ་བཀའ་འདྲི་གནང་བ།     བོད་ཕྲུག་ཁྱིམ་སྡེ་དང་ནོར་གླིང་སོགས་སུ་གཟིགས་སྐོར་དུ་ཕེབས་ཡོད་པ་རེད།།

Share this:
༥༢ ཀློག་གྲངས།