རང་དབང་འཐབ་རྩོད་པ་ཚོར་རྒྱབ་སྐྱོར་ཡོང་ཆེད་དུ་ཡིན།

གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༡༢ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཝི་ཁིལ་ཧཱ་ཝལ་མཆོག་གིས་གསར་འཛུགས་གནང་བའི་ཆབ་སྲིད་གླེང་སྟེགས་ཐེབས་རྩ་ཁང་གི་གོ་སྒྲིག་འོག གླིང་ཕྲན་ཨེ་ཤ་ཡའི་ནང་ཞི་བདེ་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ཞེས་པའི་བརྗོད་གཞིའི་ཐོག་ྋགོང་ས་མཆོག་དང། ཤར་ཏུར་ཀི་སི་ཐན་གྱི་རང་དབང་འཐབ་རྩོད་པ་ལྕམ་རཱེ་བྷི་ཡ་ཁེ་ཌར་རྣམ་གཉིས་གདན་ཞུ་གནང་བ་ལྟར། ཁོང་རྣམ་གཉིས་ཀྱིས་གསུང་བཤད་གནང་ཡོད་པ་རེད། སྐབས་དེར་ཡུལ་དེའི་རྒྱ་ནག་གཞུང་ཚབ་ཁང་དང་པེ་ཅིང་གཞུང་གཉིས་ནས་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
དེ་ཡང་རྒྱ་ནག་གིས་བོད་དང་ཤར་ཏུར་ཀི་སི་ཐན་གྲངས་ཉུང་མི་རིགས་གཉིས་ལ། མི་རིགས་དབྱེ་འབྱེད་དང་རིག་གཞུང་རྩ་མེད་བཏང་བའི་ལས་འགུལ་སྤེལ་དང་སྤེལ་བཞིན་པའི་ངན་ཇུས་དེའི་དཀའ་ངལ་སེལ་ཐབས་སུ། ལྷག་བསམ་རྣམ་དག་གིས་སྐུ་ལས་སྐྱོན་མཁན་དང་འཛམ་གླིང་མི་མང་གིས་མཐོང་ཆེན་དུ་འཛིན་པའི་མི་རིགས་གཉིས་ཀྱི་དབུ་ཁྲིད། ྋགོང་ས་མཆོག་དང་ལྕམ་རཱེ་བྷི་ཡ་ཁེ་ཌར་གཉིས་ཀྱིས་དཀའ་ངལ་དེ་སེལ་མཁན་གྱི་ལྡེ་མིག་ལྟ་བུར་ངོས་འཛིན་གྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཝི་ཁིལ་ཧཱ་ཝལ་མཆོག་གིས་གདན་ཞུ་གནང་བ་དེར་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཁྲོན་ཅན་ཇུན་གྱིས། རཱེ་བྷི་ཡ་ཁེ་ཌར་གྱི་དམིགས་ཡུལ་གཙོ་བོ་མི་རིགས་ཁ་བྲལ་གཏོང་བའི་ཐབས་ལམ་འཚོལ་གྱི་ཡོད་པས། རྒྱ་ནག་གི་ངོས་ནས་རཱེ་བྷི་ཡ་ཁེ་ཌར་གླེང་སྟེགས་དེར་འཛུལ་ཞུགས་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།
དེ་བཞིན་རྒྱ་ནག་པེ་ཅིང་ནས། རཱེ་བྷི་ཡ་ཁེ་ཌར་གྱིས་ཡུ་གུར་མི་རིགས་དང་ཧན་མི་རིགས་གཉིས་དབར་ཉེ་དུས་བྱུང་བའི་འཁྲུག་འཛིང་དེ། ཡང་ནས་ཡང་དུ་བསྐྱོར་ནས་མི་རིགས་ཁ་བྲལ་གཏོང་གི་ཡོད་པ་དང༌། ྋཏཱ་ལའི་བླ་མའི་ངོས་ནས་རྒྱ་ནག་དམར་ཕྱོགས་ཚོགས་པའི་འོག་ནས་བོད་རང་བཙན་རྩོད་ཀྱི་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།    ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གི་སྐྱོན་བརྗོད་དེ་དག་ལ། བཟང་ངན་གྱི་ལན་འདེབས་གང་ཡང་བྱས་མེད་པ་རེད།
ྋགོང་ས་མཆོག་གིས། གླེང་སྟེགས་དེའི་ཐོག་གསུང་དོན། མང་གཙོ་ལམ་ལུགས་ཀྱི་གནད་དོན་གཙོ་བོ་གཅིག་ནི། ཤེས་ཡོན་དང་རང་དབང་གི་ཁྲིམས་ཞིབ་ཁང༌། ཡང་ན་གནས་ཚུལ་སོགས་གང་གི་ཕྱོགས་སུའང་མ་ལྷུང་བ་ཞིག་དགོས་པ་དང༌། དབང་ཆ་གཅིག་བསྡུས་རིང་ལུགས་ཀྱིས་རང་ཉིད་ཀྱི་མི་མང་ལ་དྲག་གནོན་གྱིས་ཁ་གཏད་གཅོག་ཐབས་བྱས་པ་དེས། མཐའ་མཇུག་གི་འབྲས་བུ་ནི་བསམ་པ་བཞིན་མི་འགྲུབ་པར། དེ་ལས་ལྡོག་པའི་མཇུག་འབྲས་གཅིག་ཡོང་གི་ཡོད་པ་རེད། དེར་བརྟེན་ནས་དུས་རབས་༢༡ པའི་ནང་འཛམ་གླིང་འདིའི་རྒྱལ་ཁབ་མང་ཆེ་བས་ཞི་བདེ་དང་མང་གཙོ། དངོས་ཐོག་བདེན་འཚོལ། གྲོས་མོལ་གྱི་ལམ་ནས་འགྲིག་འཇགས་ཡོང་ཐབས་བྱེད་བཞིན་ཡོད་པ་དེ། དཀའ་ངལ་རྣམས་སེལ་བའི་ལམ་བུ་གཅིག་རང་དེ་ཆགས་ཡོད་པའི་རྒྱུ་མཚན་གྱིས་རེད་ཅེས་བཀའ་སློབ་བསྩལ་ཡོད་པ་རེད།
འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་རཱེ་བྷི་ཡ་ཁེ་ཌར་མཆོག་གིས། རྒྱ་ནག་གི་དཔོན་རིགས་ཚོས་ང་དང་ཡུ་གུར་མི་མང་ལ་འཇིགས་སྐུལ་རིང་ལུགས་པ་ཞེས་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད། ང་ཁྱེད་རྣམ་པ་ཚོའི་མདུན་དུ་ལངས་ནས་བསྡད་ཡོད་པས་འཇིགས་སྐུལ་རིང་ལུགས་ཡིན་མིན་གསལ་པོ་རེད་ཅེས་དང། རྒྱ་ནག་གི་དཔོན་རིགས་ཚོའི་སྐྱོན་འཛུགས་ལ་ངོ་རྒོལ་གྱི་གཏམ་བཤད་སྤེལ་ཡོད་ནའང། མུ་མཐུད་ནས་ང་ཚོས་རྒྱ་ནག་མི་མང་ལ་ངོ་རྒོལ་བྱེད་ཀྱི་མེད། རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་རྒྱ་ནག་ཧན་མི་རིགས་ཀྱི་བསམ་བློའི་ནང༌། ཡུ་གུར་མི་རིགས་སུ་འདྲ་ཞིག་ཡིན་ནའང་སྡང་ཟུག་བྱེད་དགོས་པའི་སྐུལ་མ་བཏང་བ་དེར་ང་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་གསུང་བཤད་གནང་ཡོད་པ་རེད།
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཝི་ཁིལ་ཧཱ་ཝལ་མཆོག་གིས། ཚོགས་འདུ་འདིའི་དམིགས་ཡུལ་གཙོ་བོ་ནི། རྒྱ་ནག་དང་བོད། ཤིན་ཅང༌། བྱང་ཀོ་རི་ཡ། འབར་མ། དེ་ལས་གཞན་པའི་རྒྱལ་ཁབ་ཁག་ཏུ་མང་གཙོ་དང་རང་དབང་འཐབ་རྩོད་པ་ཚོར། རྒྱབ་སྐྱོར་གྱི་སེམས་ཚོར་དྲག་པོ་ཡོང་བའི་ཆེད་དུ་ཡིན་ཞེས་གསུང་བཤད་གནང་ཡོད་པ་རེད། ཨེ་ཤ་ཡའི་ནང་མང་གཙོ་དང་ཞི་བདེ་ཡོང་བའི་ཆེད་དུ་བཙུགས་པའི་ལྷན་ཚོགས་དེ་ནི། ྋགོང་ས་མཆོག་སོགས་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་འཛམ་གླིང་ནང་སྐད་གྲགས་ཆེ་བའི་མི་སྣ་རྐྱང་རྐྱང་གིས་ཐུགས་ཁུར་འོག་ནས་བྱུང་བ་ཞིག་ཡིན་འདུག དེ་བཞིན་ྋགོང་ས་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གྱི་ཕོ་བྲང་ནང་ཕེབས་ནས། ཁོང་རྣམ་པ་གཉིས་མཇལ་འཕྲད་གནང་ཡོད་པ་རེད།།

Share this:
༤༡ ཀློག་གྲངས།