མི་སྒེར་གྱི་དཔལ་འབྱོར་མཁོ་སྒྲུབ་ཆེད་དུ་མིན།

ཟླ་འདིའི་ཚེས་༡༢ དགོང་དྲོ་དྷ་ས་བོད་གཞུང་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱལ་གཅེས་ན་གཞོན་གླུ་གར་རོལ་དབྱངས་ཚོགས་པའི་གོ་སྒྲིག་འོག་བོད་རིགས་གཞོན་སྐྱེས་གླུ་གཞས་ལ་དོ་སྣང་དང་དགའ་ཞེན་ཡོད་མཁན་རྣམས་ཀྱིས་གཙོ་བོ་བོད་གཞས་དང༌། དེ་ནས་རྒྱ་གར་གཞས། བལ་ཡུལ་གྱི་གཞས། དབྱིན་ཇིའི་གཞས་དང༌། དགོད་བྲོའི་འཁྲབ་སྟོན་བཅས་བྱས་པ་དེར། མི་མང་ཕོན་ཆེ་འདུ་འཛོམས་བྱུང་བ་མ་ཟད། དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།

རྒྱལ་གཅེས་ན་གཞོན་གླུ་གར་རོལ་དབྱངས་ཚོགས་པའི་འགན་འཛིན་ལྷག་པ་ལགས་ཀྱིས་ཚོགས་པ་དེའི་སྐོར་འགྲེལ་བརྗོད་གནང་དོན། ཚོགས་པ་དེ་ནི་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་པའི་ཚོགས་པ་ཞིག་ཡིན་པ་དང༌། དམིགས་ཡུལ་གཙོ་བོ་ནི། བོད་རིགས་གཞོན་སྐྱེས་གླུ་གཞས་སྒྱུ་རྩལ་དོ་སྣང་ཡོད་མཁན་རྣམས་ལ་གོ་སྐབས་འབུལ་ཆེད་དང༌། ནམ་རྒྱུན་བོད་དོན་ཆེད་དུ་ལས་འགུལ་སྣ་མང་སྤེལ་མཁན་གྱི་ཚོགས་སྡེ་ཁག་ལ་ཞལ་འདེབས་ཕྲན་ཙམ་འབུལ་ཐུབ་པ། བོད་ཀྱི་གནའ་དེང་གླུ་གཞས་རྣམས་མི་ཉམས་གོང་འཕེལ་དང་བོད་རིགས་གནས་སྡོད་ཀྱི་ས་ཆ་གང་སར་ཁྱབ་བསྒྲགས་ཤུགས་གང་ཆེ་དང༌། བོད་ཀྱི་མ་འོངས་སོན་རྩ་རྣམས་ཀྱིས་བོད་ཀྱི་གླུ་གཞས་ལ་དོ་སྣང་སྐྲུན་ཆེད་བཅས་ཀྱི་ཆེད་དུ་ཡིན་པ་ལས། མི་སྒེར་གྱི་དཔལ་འབྱོར་མཁོ་སྒྲུབ་ཀྱི་ཆེད་དུ་དམིགས་པ་ཞིག་མིན་ཞེས་དང༌། ད་དུང་ཁོང་གིས་ད་བར་ས་གནས་མང་པོ་ཞིག་ལ་འཁྲབ་སྟོན་དུ་བསྐྱོད་སྐབས། ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་བཅས་ལ་གང་ཐུབ་ཀྱིས་ཞལ་འདེབས་ཕུལ་བ་དང༌། གཞས་པ་རྣམས་ཀྱི་ཟས་གྲོན་དང་ཁང་གླ། སྣུམ་འཁོར་གྱི་གླ་ཆ་སོགས་ཆ་ཚང་ཕུལ་བ་མ་ཟད། གཞས་གཏོང་བའི་གླ་ཆ་ཡང་གང་ཐུབ་ཕུལ་ནས་གཞས་པ་རྣམས་སེམས་ཤུགས་མི་ཆགས་པ་དང༌། གྱོང་མ་རག་པའི་ཐབས་ཤེས་ཅི་ནུས་བྱས་ཡོད་ཅེས་གསུངས་བྱུང༌།

སྤྱིར་ལྷག་པ་ལགས་ཀྱིས་སྣེ་ཁྲིད་ནས་ད་བར་རྒྱ་གར་དང་བལ་ཡུལ་བཅས་སུ་བོད་མི་གནས་སྡོད་ཀྱི་ས་ཆ་མང་པོར་ན་གཞོན་གཞས་པ་མང་པོ་ཞིག་ལ་གླུ་གཞས་གཏོང་བའི་གོ་སྐབས་ཕུལ་ཡོད་པ་དང༌། དེའི་ཁྲོད་ནས་དེང་སང་སྤྱི་ཚོགས་སྐད་གྲགས་ཆགས་པའི་གཞས་པ་མང་པོ་ཞིག་ཀྱང་བྱུང་ཡོད་པ་རེད་འདུག དེའི་སྐོར་ཁོང་གིས་གསུངས་པ་ལྟར་ན། ད་བར་རང་ཉིད་ལ་དཀའ་ལས་ཡོད་མེད་ལ་མ་ལྟོས་པར་བོད་པ་ཡོད་སའི་ས་ཆ་མང་པོ་ཞིག་ལ་སྐོར་བསྐྱོད་ཀྱིས་འཁྲབ་སྟོན་བྱས་ནས། ངོ་གདོང་མཐོ་དམན་དང༌། རྣམ་པ་ཡག་མིན་ལ་ལྟོས་པར་གཞས་པ་མང་པོ་ཞིག་ལ་གླུ་གཞས་ཀྱི་སྡིངས་ཆ་ཞིག་འབུལ་ཐུབ་པ་བྱུང་སོང་ལ། མ་འོངས་པར་སྔར་བཞིན་རྒྱ་བལ་འབྲུག་གསུམ་སོགས་བོད་མི་གནས་སྡོད་ཀྱི་ས་ཆ་གང་སར་འཁྲབ་སྟོན་བྱེད་པའི་འཆར་གཞི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང༌།།

Share this:
༨༡ ཀློག་གྲངས།