ཨི་ཛི་རེལ་རྒྱལ་ཁབ་ནི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་ཤོས་སུ་ངོས་འཛིན།

འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་གདལ་བཤིག་གཏོང་མཁན་གྱི་རྒྱལ་ཁབ་ཨང་དང་པོ་དེ་ཨི་རན་དང། བྱང་ཀོ་རི་ཡ། སི་རི་ཡ་རྒྱལ་ཁབ་སོགས་མིན་པར་དེ་ཨི་ཛི་རལ་རྒྱལ་ཁབ་ཡིན་འདུག

དེ་ཡང་ཟླ་༣ པའི་ཚེས་༢༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནkkས་ཚུལ་སྤེལ་བའི་ནང་འཁོད་དོན། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འབྲེལ་ཡོད་འཇིགས་སྐུལ་གདོང་ལེན་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་དམིགས་བསལ་འབྲེལ་མཐུད་འགན་འཛིན་སྐུ་ཞབས་བྷན་ཨི་མར་སན་གྱིས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ (UNHRC) དུ་སྤྱན་འབུལ་ཞུ་རྒྱུའི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་ཞིག་གསར་འགོད་ལྷན་ཚོགས་ཐོག་སྒྲོགས་སྦྱང་གནང་ཡོད་པ་རེད།

ཁོང་གི་ལོ་འཁོར་སྙན་ཐོ་དེའི་ནང། ཨི་རན་དང། བྱང་ཀོ་རི་ཡ། སི་རི་ཡ་རྒྱལ་ཁབ་གསུམ་པོར་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བའི་ཁྲིམས་འགལ་ཉེས་འཛུགས་ཀྱི་གྲོས་ཆོད་རེ་རེ་དང། ཨི་ཛི་རལ་ལ་ཆ་མཚོན་ན་ནག་ཉེས་དེ་དག་དང་འབྲེལ་བའི་གྲོས་ཆོད་བཞི་བཞག་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་གདལ་བཤིག་གཏོང་མཁན་གྱི་རྒྱལ་ཁབ་ཨང་དང་པོར་ངོས་འཛིན་གནང་འདུག

དེ་སྔོན་བདུན་ཕྲག་ནང་ཨི་ཛི་རལ་ནི་བུད་མེད་ཀྱི་ཐོབ་ཐང་ལ་རྩིས་མེད་གདལ་བཤིག་གཏོང་མཁན་གྱི་རྒྱལ་ཁབ་གཅིག་ཏུ་བརྩིས་ཡོད་པ་དང། ད་ཆ་རྒྱལ་ཁབ་དེ་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་གཏོང་མཁན་ཞིག་ཡིན་པ་འཁོད་ཡོད་པ་རེད།

སྙན་ཐོའི་ནང་ཨི་ཛི་རལ་གྱིས་པེ་ལི་སེ་ཊིན་མི་མང་ལ་བཟོས་བའི་དཀའ་ངལ་དང། ཁྱིམ་མཚེས་རྒྱལ་ཁབ་སི་རི་ཡ་ནས་འཕྲོག་པའི་གྷོ་ལན་ཧ་ཡིཊ་ཞེས་པའི་ས་ཁུལ་གྱི་སི་རི་ཡའི་མི་མང་ལ་གཉའ་གནོན་བཤུ་གཞོག་བྱས་པ་སོགས་ཁུངས་གཏུགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་སྡུག་ཤོས་སུ་བརྩིས་འདུག

འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོའི་ནང་ཨི་ཛི་རལ་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པས། ཨི་ཛི་རལ་གྱི་འཆམ་མཐུན་རྒྱལ་ཁབ་ཨ་རིས་སྙན་ཐོ་དེ་དྲང་པོ་མིན་པ་དང། ཕྱོགས་རིས་ཀྱིས་རྐྱེན་པས་གནས་ཚུལ་དེ་དག་བཀོད་པ་རེད་ཅེས་ཕར་སྐྱོན་བརྗོད་བྱས་ཡོད་པ་རེད།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འཇིགས་སྐུལ་གདོང་ལེན་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པ་དེ་། འཛམ་གླིང་ཡུལ་གྲུ་གང་སར་འཇིགས་སྐུལ་རིང་ལུགས་ལ་གདོང་ལེན་བྱེད་སྐབས་ཞོར་ལ་མི་སེར་དཀྱུས་མའི་འགྲོ་བ་མིའི་ཐོབ་ཐང་ལ་ཕོག་སྡུག་གཏོང་བའམ་འགྲོ་གི་ཡོད་སྟབས། ཁོང་ཚོའི་ཐོབ་ཐང་སྲུང་སྐྱོབ་དང་གནས་ཚུལ་དེའི་རིགས་ལ་རྟོག་ཞིབ་བྱ་རྒྱུས་གཙོས། དེ་དག་རང་གི་ལས་ཁུངས་གོང་མར་སྙན་གསེང་ཞུ་རྒྱུའི་འགན་གཙོ་བོ་བཞེས་ཀྱི་ཡོད་པ་རེད་འདུག ། སྤྱིར་རྒྱ་ནག་དང་། ཪཱ་ཤི་ཡ། ཁ་ཆེའི་ལུང་པ་ཁཊར། སོའོ་དྷི་ཨ་རབ་བྷི་ཡ་བཅས་ལ་འགྲོ་བ་མིའི་ཐོབ་ཐང་ཞན་ཤོས་ཡིན་ཡང་། རྒྱབ་ཁབ་དེ་དག་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་ཁོངས་སུ་ཡོད་རྐྱེན། ད་ལན་གྱི་ལོ་འཁོར་སྙན་ཐོའི་ནང་མིང་དེ་ཚོ་ཐོན་གྱི་མེད་པ་རེད་འདུག། གསར་འགོད་པ་འཕྱིང་དཀར་ཚེ་རིང་དོན་གྲུབ།

Share this:
༡༣༠ ཀློག་གྲངས།