༧གོང་ས་མཆོག་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཕེབས་འཆར།

༧གོང་ས་མཆོག་གང་དུ་ཕེབས་རུང་རྒྱ་ནག་གིས་ངོ་རྒོལ་བྱེད་རྒྱུ་དེ་རྒྱུན་ལྡན་ཡིན་ཡང། རྒྱ་གར་ཨ་རུ་ན་ཅལ་དུ་ཕེབས་རྒྱུར་ངོ་རྒོལ་བྱས་པ་འདི་ནི་ཁ་ཐུག་རྒྱ་གར་གཞུང་གི་གནད་དོན་དང་འབྲེལ་བ་ཆགས་ཀྱི་ཡོད་པ་རེད་ཅེས་བཀའ་བློན་ཁྲི་པ་མཆོག་གིས་རྒྱ་གར་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་རེད།
༸གོང་ས་མཆོག་ཕྱི་ཟླ་༡༡ པའི་བདུན་ཕྲག་གཉིས་པའི་ནང་། རྒྱ་གར་ཨ་རུ་ན་ཅལ་མངའ་སྡེར་ཕེབས་འཆར་ཡོད་པ་དང། ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་མོན་རྟ་དབང་ནི་རྒྱ་གར་དང་བོད་ཀྱི་ས་མཚམས་ལ་ཁེལ་གྱི་ཡོད་ནའང། རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་རྗེས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཞེས་བརྗོད་ཀྱི་ཡོད་པ་དང། ཟླ་འདིའི་ཚེས་༩ ཉིན་རྒྱ་གར་གྱི་དུས་བབ་གསར་ཤོག་ཐོག་གནས་ཚུལ་སྤེལ་བའི་ནང་འཁོད་དོན། ༸གོང་ས་སྐུ་ཕྲེང་༦ པ་ས་གནས་དེར་འཁྲུངས་མྱོང་བར་བསྙད་དེ། རྒྱ་ནག་ཕྱོགས་ནས་ས་ཁུལ་དེ་སྔོན་དུས་བོད་ཀྱི་ཆ་ཤས་ཡིན་པར་ངོས་འཛིན་བྱས་ནས། ཕྱི་ལོ་༡༩༦༢ ལོར་རྒྱ་དཀར་ནག་གཉིས་དབར་དམག་འཁྲུག་ཚབས་ཆེན་ཤོར་ཡོད་པ་དང། རྒྱ་ནག་དམག་དཔུང་གིས་བྷུམ་དྷེ་ལཱའི་ས་ཁུལ་དེ་གནས་སྐབས་རིང་དབང་བསྒྱུར་ནས་སྡོད་མྱོང་ཡོད་པ་རེད། དེང་སྐབས་ས་མཚམས་དེ་ནས་སྤྱི་ལེ་གྲུ་བཞི་མ་༩༠༠༠༠ ལྷག་ཙམ་རྒྱ་ནག་ལ་དབང་གི་ཡོད་ཚུལ་གྱིས་འཐབ་རྩོད་བྱེད་ཀྱི་ཡོད་པ་དང། ལོ་ཤས་སྔོན་རྒྱ་གར་ཨ་རུ་ན་ཅལ་གྱི་དཔོན་རིགས་སྐུ་ཚབ་ཅིག་རྒྱ་ནག་ཏུ་གཟིགས་སྐོར་ལ་ཕེབས་སྐབས། རྒྱ་ནག་གཞུང་ཚབ་ཁང་གིས། ཁྱེད་ཀྱི་ས་ཁུལ་རྒྱ་ནག་གི་ཆ་ཤས་ཡིན་པས་རང་ཡུལ་དུ་འགྲོ་བར་ཐོངས་མཆན་ལག་ཁྱེར་དགོས་པ་མ་རེད་ཅེས་བརྗོད་ནས། སྐུ་ཚབ་དེ་རྒྱ་ནག་ལ་ཕེབས་ཐུབ་མེད་པ་རེད། ལོ་སྔོན་མ་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་རྡོ་རྗེ་མཁའ་འགྲོ་དང་གྲོས་ཚོགས་འཐུས་མི་སོགས། བཙན་བྱོལ་བོད་གཞུང་གི་བསྟི་གནས་དྷ་སར་ཆེད་དུ་ཕེབས་ནས་གཟིགས་སྐོར་གནང་བ་དང། ༸གོང་ས་མཆོག་དང་མཇལ་འཕྲད་ཞུས་ཡོད་པ་རེད། དེ་དང་བསྟུན་ནས་༸གོང་ས་མཆོག་ལ་མངའ་སྡེ་དེའི་ས་གནས་མོན་རྟ་དབང་དུ་གསར་རྒྱག་བྱས་པའི་སྨན་ཁང་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་གནང་རྒྱུའི་སྐྱབས་འཇུག་ཞུས་ཡོད་ཅིང་། ༸གོང་ས་མཆོག་གིས་སྨན་ཁང་དེར་བཅོས་ཐབས་སོགས་རིགས་འདྲ་མིན་ཡོང་ཐུབ་པའི་ཆེད་དུ། སྒོར་འབུམ་༢༠ ཞལ་འདེབས་གནང་ཡོད་པ་རེད།
དེ་བཞིན་མོན་རྟ་དབང་རྒྱ་གར་བྱང་ཤར་ཁུལ་གྱི་ནང་པའི་ལྟེ་གནས་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་དང། ཡུལ་དེའི་མི་མང་གིས་༸གོང་ས་མཆོག་ས་གནས་དེར་ཕེབས་རྒྱུར་སྐོམ་པ་ཆུ་འདོད་ལྟ་བུས་རེ་བ་བྱེད་བཞིན་ཡོད་པ་རེད།
ཟླ་འདིའི་ཚེས་༡༣    ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཇིན་ཡུས་ཟེར་བས། ཏཱ་ལའི་བླ་མ་ཨ་རུ་ན་ཅལ་མངའ་སྡེའི་ནང་འགྲོ་རྒྱུ་ཡིན་པ་དེ་ནི་ཁ་བྲལ་རིང་ལུགས་ཀྱི་ཚོར་ཤུགས་འོག་ནས་འགྲོ་ཡི་ཡོད་པ་དང་། རྒྱ་ནག་གཞུང་ངོས་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅེས་སྐྱོན་འཛུགས་བྱས་ཡོད་པ་རེད། དེ་དང་དུས་མཚུངས་རྒྱ་གར་དུས་བབ་གསར་ཁང་གིས། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེར། གནད་དོན་དེའི་ཐད་ལ་བཀའ་འདྲི་ཞུས་པའི་ལན་དུ། “ཨ་རུ་ན་ཅལ་མངའ་སྡེ་ནི་ཁ་འབྲལ་ཐབས་མེད་པའི་རྒྱ་གར་གྱི་ཆ་ཤས་ཡིན་པ་དང། ༸གོང་ས་མཆོག་དུས་ཡུན་རིང་པོའི་ནང་རྒྱ་གར་དུ་བཞུགས་ནས་བསྡད་ཡོད་པས། རྒྱ་གར་གྱི་ས་ཁུལ་གང་ལ་ཕེབས་རུང་རང་དབང་ཡིན་པས་སུ་ལའང་བསྟུན་དགོས་ཀྱི་མེད་”ཅེས་དང་། “༸གོང་ས་མཆོག་གང་དུ་ཕེབས་རུང་རྒྱ་ནག་གིས་ངོ་རྒོལ་བྱེད་རྒྱུ་དེ་རྒྱུན་ལྡན་རེད། ཡིན་ནའང་དེ་རིང་གི་ངོ་རྒོལ་འདི་ནི་ཁ་ཐུག་རྒྱ་གར་གཞུང་གི་གནད་དོན་དང་འབྲེལ་བ་ཆགས་ཀྱི་ཡོད་པ་རེད་”ཅེས་བཀའ་ལན་གནང་ཡོད་པ་རེད།།

Share this:
༨༩ ཀློག་གྲངས།