ཁྲིམས་ཞིབ་པ་གསར་བསྐོས།

ཟླ་འདིའི་ཚེས་༡༡ ཉིན་སྤྱི་འཐུས་ལྷན་ཚོགས་སྐབས་འདིའི་ཚོགས་དུས་བརྒྱད་པའི་ཐོག་བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་གཉིས་རྒྱལ་ཁབ་ཀྱི་མཚན་ཐོག་ནས་བསྐོ་བཞག་བྱེད་རྒྱུ་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་རྣམ་རྒྱལ་ཚེ་རིང་མཆོག་དང། ཁྲིམས་ཞིབ་པ་ཐུབ་བསྟན་བཀྲ་ཤིས་མཆོག་རྣམ་གཉིས་ལས་གནས་ཀྱི་དུས་ཡུན་རྫོགས་ཀྱི་ཡོད་པར་བརྟེན། ད་ལྟའི་ཁྲིམས་ཞིབ་པ་ངག་དབང་འཕེལ་རྒྱས་མཆོག་ཁྲིམས་ཞིབ་པ་ཆེ་བ་དང། བདེ་སྐྱིད་གླིང་ས་གནས་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་ཁྲིམས་ཞིབ་པར་སྤྱི་མོས་ཀྱིས་བསྐོ་བཞག་གནང་ཡོད་པ་རེད། ཁྲིབས་ཞིབ་པ་བསྐོ་བཞག་གནང་སྟངས་ནི། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། བཀའ་བློན་ཁྲི་པ་བཅས་ནས་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར། ྋགོང་ས་མཆོག་གིས་འོས་འཛུགས་གནང་བར་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་སུམ་ཆ་གཉིས་ཡན་གྱི་མོས་མཐུན་བྱུང་ན་དེ་ལ་ྋགོང་ས་མཆོག་གིས་རྒྱལ་ཁབ་ཀྱི་མཚན་ཐོག་ནས་བསྐོ་བཞག་གནང་གི་ཡོད་པ་རེད། ཁྲིམས་ཞིབ་པ་གཅིག་ཀྱང་འཆར་ལོའི་ནང་ལས་གནས་ཀྱི་དུས་ཡུན་རྫོགས་ཀྱྀ་ཡོད་པར་བརྟེན། གྲོས་ཚོགས་ཚོགས་དུས་རྗེས་མའི་ཐོག་བསྐོ་བཞག་གནང་རྒྱུ་ཡིན་པ་གསལ་བསྒྲགས་གནང་ཡོད་པ་རེད།།

Share this:
༨༩ ཀློག་གྲངས།