གཉིས་ཀ་མང་གཙོ་དང་མཐུན་ཡོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༣༦  ཕྱི་ལོ་ ༢༠༡༥/༤/༡
ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་ཇོ་ནང་པར་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་མིན་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཤིག་གྲོས་ཚོགས་ནང་སླེབས་ཡོད་པ་དང། བཅའ་ཁྲིམས་བསྐྱར་བཅོས་སྐབས་སྤྱི་འཐུས་ཀྱི་རྩ་འབོར་སུམ་ཆ་གཉིས་ཡན་གྱིས་རྒྱབ་སྐྱོར་དགོས་པར། ཉུང་མཐར་སྤྱི་འཐུས་༢༩ རྒྱབ་སྐྱོར་དགོས་ཀྱང་དེ་མ་ལོངས་པར་ཇོ་ནང་པར་ཆོས་བརྒྱུད་སྤྱི་འཐུས་ཀྱི་ས་མིག་གསར་གཏོད་ཐུབ་མེད། དེ་ཡང་འཛམ་གླིང་གི་མང་གཙོའི་སྤྱི་སྲོལ་དང་མཐུན་པར་ཕྱི་གསལ་ནང་གསལ་གྱིས་ཐག་གཅོད་བྱས་པ་ཞིག་ཡིན་པ་དང། ཐག་གཅོད་དེ་ལ་འདོད་པ་མ་ཁེངས་པར་ཇོ་ནང་པའི་ཆོས་བརྒྱུད་འཛིན་མཁན་སེར་སྐྱ་ཕོ་མོ་གྲངས་བཞི་བཅུ་ལྔ་བཅུ་ཙམ་ཞིག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་མདུན་དུ་ཞི་བའི་ངོ་རྒོལ་བྱས་པ་དེ་ཡང། མང་གཙོ་དང་རང་དབང་ཅན་གྱི་ལུང་པ་ཞིག་ཏུ་གནས་སྡོད་བྱེད་མཁན་མི་མང་གི་ངོས་ནས་འདི་ལྟ་བུའི་རྣམ་འགྱུར་བསྟན་པ་དང་མང་གཙོ་དང་མཐུན་པའི་ངོ་རྒོལ་བྱས་པ་དེ་རང་ཉིད་ལ་དབང་བའི་ཐོབ་ཐང་ཉག་གཅིག་ཏུ་གྱུར་ཡོད།

སྤྱིར་ཇོ་ནང་པར་མཁས་གྲུབ་ཆེན་པོ་བསམ་གྱིས་མི་ཁྱབ་པ་མང་པོ་བྱོན་མྱོང་བ་མ་ཟད་སྔོན་ཆད་དར་རྒྱས་ཆེན་པོ་བྱུང་མྱོང་ཡང། རྒྱལ་དབང་སྐུ་ཕྲེང་ལྔ་པའི་སྐབས་སུ་ཇོ་ནང་པའི་དགོན་པ་མང་པོ་ཞིག་དགེ་ལུགས་སུ་བསྒྱུར་བ་དང། ཇོ་ནང་ཆོས་བརྒྱུད་ལ་ཉམས་ཉེས་ཆེན་པོ་བཏང་སྟེ་དབུས་གཙང་ཕྱོགས་སུ་ཇོ་ནང་པ་དེ་མིང་ཙམ་དུ་བསྒྱུར། ཁམས་ཕྱོགས་སུ་དབུ་མ་གཞན་སྟོང་གི་ལྟ་གྲུབ་དང། དུས་འཁོར་སྦྱོར་དྲུག་བཅས་ཇོ་ནང་པའི་དམིགས་བསལ་ཆོས་སྐོར་ཉམས་ལེན་བྱེད་མཁན་རྙིང་མ་པའི་བླ་ཆེན་རེ་ཟུང་དང། བཀའ་བརྒྱུད་པའི་བླ་ཆེན་རེ་ཟུང་བྱུང་མྱོང་བ་ལས། དམིགས་བསལ་ཇོ་ནང་པའི་དགོན་པ་དེ་འདྲ་ཕལ་ཆེར་འདས་པའི་དུས་སུ་བྱུང་མེད་ཚོད་རེད་ལ། ད་ལྟའི་ཆར་ཡང་མེད། རྒྱལ་དབང་ལྔ་པ་ཆེན་པོའི་སྐབས་འགྲིམ་འགྲུལ་གྱི་ལམ་ཐག་རིང་བས་ནུས་ཤུགས་སླེབས་མ་ཐུབ་པའི་མདོ་སྨད་ཀྱི་ས་ཁུལ་ཁག་ཅིག་ཏུ་ཇོ་ནང་པའི་ཆོས་བརྒྱུད་རྩ་མེད་བཟོ་མ་ཐུབ་པར་ལྷག་ཡོད་པ་དང། ད་ལྟའི་ཆར་ཡང་ཇོ་ནང་པའི་ཆོས་བརྒྱུད་འཛིན་པའི་དགོན་པ་ཆེ་ཆུང་གང་མང་ཞིག་ཡོད།

ཇོ་ནང་པ་ནི་བོད་དུ་དར་བའི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཅེས་བགྲང་སྲོལ་ཡོད་པའི་ནང་ནས་གཅིག་ཡིན་ལ། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ནི། ༡ རྙིང་མ་པ། ༢ བཀའ་གདམས་པ།(དགེ་ལུགས་པ།) ༣ ལམ་འབྲས། (ས་སྐྱ་པ) ༤ མར་པ་བཀའ་བརྒྱུད། ༥ ཤངས་པ་བཀའ་བརྒྱུད། ༦ ཞི་བྱེད། ༧ སྦྱོར་དྲུག (ཇོ་ནང་།) ༨ རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་པ་བཅས་ཡིན། དེ་དག་ལ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཅེས་བགྲང་པའི་སྲོལ་དེ་ནི་ཕལ་ཆེར་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་(༡༨༡༣-༡༨༩༤)སྐུ་དུས་སུ་དར་བ་ཞིག་ཡིན་ཚུལ་འདུག ད་ལྟའི་ཆར་མདོ་སྨད་ཀྱི་ས་ཁུལ་མགོ་ལོག་དང། རྔ་པ། འཛམ་ཐང་བཅས་ནི་ཇོ་ནང་པའི་ཆོས་བརྒྱུད་འཛིན་མཁན་གྱི་རྟེན་གཞི་གཙོ་བོར་གྱུར་ཡོད་ལ། ཇོ་ནང་པ་ནི་ཕྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་ཡུ་མོ་མི་བསྐྱོད་རྡོ་རྗེས་བོད་དུ་དབུ་མ་གཞན་སྟོང་གི་ལྟ་བའི་སྲོལ་བཏོད་པ་ནས་རིམ་པར་བརྒྱུད་ཅིང། དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་གི་ཉམས་ལེན་གཙོ་བོར་བྱེད་པའི་ཆོས་བརྒྱུད་ཅིག་ཏུ་གྱུར་ཡོད།

ད་ལན་གྲོས་ཚོགས་སུ་གཞུང་འབྲེལ་གྱིས་ཕེབས་པའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེ་གཏན་འབེབས་བྱེད་ཐུབ་པའི་དབང་དུ་བཏང་ན། མ་འོངས་པར་“ཆོས་བརྒྱུད་ཆེན་པོ་བཞི། གཡུང་དྲུང་བོན། ཇོ་ནང་དང་བཅས་པ་”ཞེས་འབོད་དགོས་པ་ཞིག་ཏུ་གྱུར་ཡོད་པ་དང། ཇོ་ནང་པའི་རེ་བ་ཆེ་ཤོས་ཆོས་བརྒྱུད་ཆེན་པོར་ངོས་འཛིན་བྱེད་དགོས་པ་དེ་གཙོ་བོ་ཡིན་པས། ཁྲིམས་འཆར་དེ་གཏན་འབེབས་བྱས་ཚེ་ཇོ་ནང་པར་སྤྱི་འཐུས་ཀྱི་རྐུབ་སྟེགས་རག་ཐུབ་ཙམ་བྱུང་བ་ཞིག་ལས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཇོ་ནང་པར་ཆོས་བརྒྱུད་ཆེན་པོ་སྤྱི་མཚུངས་སུ་ངོས་འཛིན་བྱས་པ་ཞིག་མིན། དེར་བརྟེན་ཇོ་ནང་པའི་ཕུགས་ཀྱི་ཁེ་ཕན་ཐོག་ནས་བཤད་ན་ད་ལན་གྱི་བཅའ་ཁྲིམས་བསྐྱར་བཅོས་དེ་གཏན་འབེབས་བྱེད་ཐུབ་དང་མ་ཐུབ་ཀྱི་ཐོག་ནས་ཁྱད་པར་ཆེན་པོ་དེ་ཙམ་མེད་པ་ལྟ་བུར་གྱུར་ཡོད། ཕྱོགས་གང་ཐད་ནས་ཇོ་ནང་ཆོས་བརྒྱུད་ཀྱི་ཐོབ་ཐང་དང། བཙན་བྱོལ་བོད་པའི་ནང་ཁུལ་གྱི་ཆབ་སྲིད་གཉིས་གཞི་གཅིག་ཏུ་མ་འདྲེས་པ་ཞིག་བྱས་ན་གནད་དོན་དེ་ཐག་གཅོད་མི་ཐུབ་པ་ཞིག་ག་ལ་ཡིན།

དཔེར་ན་ད་ལན་ཨོ་སི་ཁྲུ་ལི་ཡ་དང། ཉི་ཧོང། ཐའེ་ཝན་སོགས་སུ་སྤྱི་འཐུས་ཀྱི་ས་མིག་གཅིག་གཏན་འབེབས་བྱུང་བ་དེ་ཡང་གྲོས་ཚོགས་ནང་གཏན་འབེབས་མ་ཐུབ་པར་ཐེངས་གཉིས་ལ་མར་ཟག་པ་དང། ཉེ་བའི་ཆར་གྲོས་ཚོགས་སུ་རྩ་འབོར་གྱི་སུམ་ཆ་གཉིས་ཀྱིས་རྒྱབ་སྐྱོར་ཐོབ་ཙམ་གྱིས་གཏན་འབེབས་བྱུང་བ་དེ་གྲོས་ཚོགས་སུ་སླེབས་པ་ཐེངས་གསུམ་པ་རེད། དེ་བཞིན་མ་འོངས་པར་ཇོ་ནང་པར་ཆོས་བརྒྱུད་སྤྱི་འཐུས་ཀྱི་ས་མིག་ཀྱང་གཏན་འབེབས་བྱེད་ཐུབ་པའི་རེ་བ་མེད་པ་གཏན་ནས་མ་རེད། འོན་ཀྱང་ཆོས་བརྒྱུད་ཀྱི་ངོས་འཛིན་དང་སྤྱི་འཐུས་ཀྱི་ས་མིག་གཉིས་འབྲེལ་བ་མེད་པ་ཞིག་མིན་ཡང། གོང་དུ་དྲངས་པའི་ཚིག་བརྗོད་དེ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱས་པ་དང། སྤྱི་འཐུས་ཀྱི་རྐུབ་སྟེགས་རག་ཙམ་གཉིས་ཀྱི་ནང་ནས་གང་གལ་ཆེ་མིན་དེ་ཡང་བསམ་གཞིགས་ངེས་པར་དུ་བྱེད་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད། མདོར་ན་ད་ལན་གྲོས་ཚོགས་ཀྱི་ཐག་གཅོད་དང་ཇོ་ནང་པའི་ཞི་རྒོལ་གཉིས་ཀ་མང་གཙོའི་ལམ་སྲོལ་དང་མཐུན་ཅིང་སྤྱི་ཚོགས་ནང་ཡོང་སྲིད་པ་དང་ཡོང་དགོས་པ་ཞིག་ཀྱང་རེད།།

Share this:
༡༦༤ ཀློག་གྲངས།