༢༠༥༠ ལོའི་རྒྱལ་སྤྱིའི་ཆོས་ལུགས་ཁག་གི་མི་འབོར་འཕེལ་གྲིབ་ཀྱི་ཚོད་རྩིས།

༢༠༡༠ ལོར་རྒྱལ་སྤྱིའི་ཕྱོགས་བསྡོམས་མི་འབོར་གྱི་བརྒྱ་ཆ་ནས་ནང་པའི་གྲངས་འབོར་གྱི་བརྒྱ་ཆ་དེ་༧.༡ ཡིན་པ་དང།   ཕྱི་ལོ་༢༠༥༠ ལོར་ནང་པའི་བརྒྱ་ཆ་དེ་༥.༢ སུ་སླེབས་ནས་བརྒྱ་ཆ་༡.༩ མར་ཆགས་རྒྱུ་ཡིན་འདུག

Untitled-1དེ་ཡང་ཟླ་འདིའི་ཚེས་༢ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་Pew Research Centre ཞེས་པའི་ཉམས་ཞིབ་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།   འདས་པའི་༢༠༡༠ ལོའི་རྒྱལ་སྤྱིའི་ཆོས་ལུགས་མི་འབོར་གྱི་གྲངས་ཐོ་ལ་གཞི་བཅོལ་ཏེ། ད་ལྟ་ཕྱི་ལོ་༢༠༡༥ འགོ་འཛུགས་བར་གྱི་མི་འབོར་འཕེལ་རྒྱས་འགྲོ་སྟངས་སོགས་ཀྱི་རེའུ་མིག་ལ་དཔྱད་ན། ༢༠༥༠ ལོར་རྒྱལ་སྤྱིའི་ཕྱོགས་བསྡོམས་མི་འབོར་གྱི་བརྒྱ་ཆ་ནས་ནང་པའི་མི་འབོར་བརྒྱ་ཆ་དེ་༢༠༡༠ ལོ་ལས་བརྒྱ་ཆ་༡.༩ ཡི་མར་ཆགས་པའམ་ནང་པའི་མི་གྲངས་༡,༤༩༠,༠༠༠ ཉུང་དུ་འགྲོ་རྒྱུ་ཡིན་པའི་གྲངས་འབོར་ཚོད་དཔག་བྱས་འདུག

དེ་དང་ཆབས་ཅིག ད་ལྟ་ཆོས་ལུགས་གང་ལའང་འབྲེལ་བ་མེད་མཁན་གྱི་མི་འབོར་དེ་རྒྱལ་སྤྱིའི་སྟེང་གྲངས་འབོར་མང་ཤོས་ཨང་གསུམ་པ་ཡིན་རུང། ༢༠༥༠ ལོར་ཧིན་དྷུའི་ཆོས་ལུགས་ལ་དོན་གཉེར་བྱེད་མཁན་གྱི་མི་འབོར་དེ་ཨང་རིམ་གསུམ་པར་སླེབས་པས། ཁོང་ཚོ་ཨང་བཞི་པ་ཆགས་རྒྱུ་ཡིན་པ་རེད། ལོ་དེར་རྒྱལ་སྤྱིའི་ནང་ཁ་ཆེའི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་དེའང་ཧིན་དྷུའི་མི་གྲངས་མང་ཤོས་ཡོད་ས་རྒྱ་གར་ཆགས་རྒྱུ་ཡིན་པ་རེད།

སྐབས་དེར་རྒྱལ་ཡོངས་སུ་ཧིན་དྷུའི་མི་གྲངས་དེ་ད་ལྟ་ལས་བརྒྱ་ཆ་༣༤ ཡི་མང་བའམ་མི་གྲངས་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་མང་དུ་འགྲོ་རྒྱུ་ཡིན་པ་དང། དེ་བརྒྱ་ཆ་ལ་ཆ་བགོས་བྱས་ན་༢༠༥༠ ལོའི་རྒྱལ་སྤྱིའི་མི་འབོར་གྱི་བརྒྱ་ཆ་༡༤ . ༩ ཟིན་གྱི་ཡོད་པ་རེད།

ཕྱི་ལོ་༢༠༥༠ ཡི་བར་ཡེ་ཤུའི་གྲངས་འབོར་ལ་དེ་ཙམ་གྱི་འཕེལ་གྲིབ་མི་འགྲོ་བར། ཆོས་ལུགས་དེ་མུ་མཐུད་མི་གྲངས་མང་ཤོས་ཀྱིས་དོན་གཉེར་བྱེད་སའི་ཆོས་ལུགས་ཤིག་ཏུ་གནས་རྒྱུ་ཡིན་མོད། འོན་ཀྱང་ཁ་ཆེའི་གྲངས་འབོར་གྱི་འཕར་ཚད་དེ་ཧ་ཅང་མགྱོགས་པའི་རྐྱེན་གྱིས། སྐབས་དེར་ཡེ་ཤུའི་གྲངས་འབོར་དང་གཅིག་མཚུངས་འདྲ་བོ་ཆགས་རྒྱུ་རེད་ཅེས་ཚོད་དཔག་བྱས་ཡོད་འདུག

༢༠༥༠ ལོར་རྒྱལ་ཡོངས་སུ་ཁ་ཆེའི་མི་གྲངས་དེ་ཐེར་འབུམ་གཉིས་དང་དུང་ཕྱུར་བརྒྱད་དམ། འཛམ་གླིང་མི་འབོར་གྱི་བརྒྱ་ཆ་༣༠ ཟིན་པ་དང།   ༢༠༥༠ ལོར་ཡེ་ཤུ་ཆོས་ལུགས་ལ་དོན་གཉེར་བྱེད་མཁན་གྱི་གྲངས་འབོར་དེ་ཐེར་འབུམ་གཉིས་དང་དུང་ཕྱུར་དགུ་འམ། འཛམ་གླིང་མི་འབོར་གྱི་བརྒྱ་ཆ་༣༡ ཟིན་རྒྱུ་ཡིན་འདུག

༢༠༡༠ ལོར་རྒྱལ་སྤྱིའི་ནང་ཁ་ཆེའི་གྲངས་འབོར་དེ་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་ཡིན་པ་དང། ཡེ་ཤུ་ལ་མཚོན་ན་ཐེར་འབུམ་གཉིས་དང་བྱེ་བ་བཅུ་བདུན་གྱིས་ཡེ་ཤུའི་གྲངས་འབོར་དེ་མང་བ་ཡོད་ཀྱང། ད་ལྟའི་ཁ་ཆེའི་མི་འབོར་འཕེལ་སྟངས་དེ་མུ་མཐུད་སོང་ན།   ཕྱི་ལོ་༢༠༧༠ སྐབས་ཁ་ཆེའི་ཆོས་ལུགས་ནི་མི་གྲངས་གྱི་ཆ་ནས་རྒྱལ་སྤྱིའི་ཆོས་ལུགས་ཆེ་ཤོས་དེ་ཆགས་རྒྱུ་ཡིན་པ་གསལ་པོ་རེད་ཅེས་འཁོད་འདུག །                                                                              གསར་འགོད་པ་འཕྱིང་དཀར་ཚེ་རིང་དོན་གྲུབ།

Share this:
༧༡༢ ཀློག་གྲངས།