ནིའུ་ཡོག་བུད་མེད་ལྷན་ཚོགས་ཀྱི་གསལ་བཤད་ཐུང་ངུ་ཞིག

ཉེ་ལམ་སྤྱི་ལོ་༢༠༡༥ ཟླ ༣ ཚེས་༢༡ ཉིན་བོད་ཀྱི་བང་ཆེན་གྱི་གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་ཁོ་བོའི་བསམ་ཚུལ་ཞིག་བང་ཆེན་དྲ་ཚིགས་དང་གསར་ལམ་དུ་སྤེལ་བར་ལན་འདེབས་བྱེད་དགོས་ཀྱི་དགོས་གལ་ཆེན་པོ་མ་མཐོང་མོད་མ་དག་པ་མུ་མཐུད་དུ་ལྷག་ཚེ་བདེན་པ་ནག་བསུབ་ཏུ་གཏོང་རྒྱུའི་ཉེན་ཁ་ཡོད་པར་བརྟེན་ལན་འདེབས་ཐུང་ཙམ་བྱེད་རྒྱུར། བོད་ཀྱི་བུད་མེད་ལྷན་ཚོགས་ནི་བོད་བསྟན་སྲིད་མི་རིགས་དང་བཅས་པ་དཀའ་ཁག་གི་གནས་སྐབས་སུ་བོད་ལ་རང་དབང་དགོས་པའི་འབོད་སྒྲ་སྒྲོགས་མཁན་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་ཚོགས་སྡེ་ཞིག་ཡིན་པ་སྨྲས་མེད་དང་། བཙན་བྱོལ་དུ་སླེབས་ནས་ཀྱང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་གཞིར་བཟུང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཕྱྭར་བ་དཔུང་འདེགས་བྱེད་པའི་བཙན་བྱོལ་ནང་གི་ཚོགས་སྡེ་ཆེ་ཤོས་ཤིག་ཡིན་ལ་ཚོགས་སྡེ་འདི་མང་གཙོའི་ལུགས་དང་མཐུན་པའི་སྒོ་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་ལམ་དབུ་མར་ཤར་བསྐྱོད་བྱེད་བཞིན་ཡོད་པ་གཞི་རྩའི་ལྟ་གྲུབ་དེ་ཡིན།

ནིའུ་་ཡོག་ས་གནས་བུད་མེད་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༥།༣།༡༢ཉིན་ཀུན་སྤྱོད་དང་བྱེད་སྒོ་ཚད་དང་ལྡན་པའི་ཐོག་ནས་བུད་མེད་སྒེར་ལངས་ཐེངས་༥༦པ་བརྩི་སྲུང་བྱས་ཡོད་ལ། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུ་དགོས་པ་སོགས་ཀྱི་དགོས་འདུན་ཆེད་སྐུ་ལུས་མེར་མཆོད་ཕུལ་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་སུ་མྱ་ངན་གུས་འདུད་ཆེད་ཁོང་རྣམ་པའི་སྐུ་པར་བཟུང་ཏེ་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་ཞུས་ཡོད། རྒྱལ་གཅེས་དཔའ་མོ་སངས་རྒྱས་སྒྲོལ་མའི་ལག་ངོར་བྲིས་པའི་ཡི་གེ་མེད་པར་བཤད་དེ་ནེའུ་ཡོག་ས་གནས་བུད་མེད་ཚོགས་པའི་བུད་མེད་རང་སྲོག་བློས་གཏོང་གིས་བོད་དོན་ལ་འཐབ་རྩོད་བྱེད་མཁན་ཚོར་བརྙས་བཅོས་བྱས་ཚུལ་བཤད་པ་ནི་གསར་འགོད་པ་ཁོང་གི་ཚོར་བ་ཙམ་ཡིན་མོད། རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་སྐུ་པར་དང་མཚུངས་སུ་རྒྱལ་གཅེས་དཔའ་མོ་སངས་རྒྱས་སྒྲོལ་མའི་སྐུ་པར་མཉམ་འཁྱེར་ཡོད་པ་འདིས་ཀྱང་ཁོང་རྣམ་པའི་བློས་བཏང་དང་མཛད་རྗེས་ལ་ངོས་འཛིན་གཅིག་མཚུངས་སུ་ཡོད་པ་བློ་དང་ལྡན་པ་སུས་ཀྱང་ཤེས་ཐུབ་པ་ཞིག་ཡིན། ལྷག་པར་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་སྐུ་པར་དེ་དག་ནེའུ་ཡོག་ས་གནས་བུད་མེད་ལྷན་ཚོགས་ཀྱིས་བཟོ་སྒྲིག་བྱས་པ་ཞིག་མིན་པར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ལས་འགུལ་གྱི་ཆེད་དུ་གཡར་བ་ཞིག་ཡིན་པས་སྐུ་པར་དེ་དག་གི་བདག་པོ་སུ་ཡང་ཙམ་ཡང་བརྩད་གཅོད་མེད་པར་གཞིས་བཞུགས་བོད་མིར་བློ་ཕམ་ཡོང་གཞིའི་སྐྱོན་བརྗོད་དང་ཟིང་ཆ་བསླངས་པར་འདི་ནས་བློ་ཕམ་ཞུ་རྒྱུ་ཡིན།

གསར་འགོད་པ་ནི་སྤྱི་ཚོགས་ཕྱོགས་གཉིས་ཀྱི་བར་དུ་དྲང་ཚུགས་སུ་གནས་དགོས་པ་ཞིག་ཡིན་ནའང་།མི་རེ་ཟུང་གིས་གང་བཤད་པ་བདེན་པར་འཛིན་པའི་གསར་འགོད་པ་དང་གསར་འགོད་བརྒྱུད་ལམ་ནི་མི་མང་དང་སྤྱི་ཚོགས་ལ་བརྡབས་གསིག་གཏོང་མཁན་དུ་འགྱུར་ཉེན་ཆེ་བས་རྗེས་ཕྱོགས་གསར་འགོད་ཀྱི་རང་དབང་ལ་སྲུང་བརྩི་དང་མཉམ་དུ་གསར་འགོད་པའི་ལས་འགན་ལ་དྲན་གསོ་བྱེད་ཐུབ་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

བྱང་ཨ་རི་ས་གནས་ནིའུ་ཡོག་དང་ནིའུ་ཇར་སི་བོད་ཀྱི་བུད་མེད་ལྷན་ཚོགས་རྒྱུན་ལས་ཐུན་མོང་ནས་སྤྱི་ལོ་༢༠༡༥ ཟླ་༤ ཚེས་༣ ཉིན།།

Share this:
༦༠ ཀློག་གྲངས།