སངས་རྒྱས་སྒྲོལ་མའི་པར་གཏུབ་མཁན་དེ་བུད་མེད་ལྷན་ཚོགས་མིན་ཟེར།

ཆོས་ཉིད་འོད་ཟེར།

འདི་ལོའི་གསུམ་བཅུའི་དུས་དྲན་སྐབས་ནིའུ་ཡོག་ནས་ལས་འགུལ་སྤེལ་ཕྱོགས་སྐོར་ལ་ངས་དཔྱད་བརྗོད་ཐུང་ངུ་ཞིག་སྤེལ་བ་ཡིན། དེའི་ནང་གཙོ་བོ་གསུམ་དུས་ལས་འགུལ་དེ་དུས་དྲན་ཞིག་ཡིན་པ་དང་། དེ་བས་བོད་རང་བཙན་འཕྲེད་དར་འཕྱར་མཁན་ཕྱིར་ཕུད་ཀྱིས་བོད་མི་ཁ་འཐོར་གཏོང་ཐབས་བྱས་པ་ནོར་འཁྲུལ་ཡིན་སྐོར་དང་། བུད་མེད་སྒེར་ལངས་སྐོར་དང་འབྲེལ་ནས་ཏོག་ཙམ་བྲིས་ཡོད།

11068299_10204212291932203_
སངས་རྒྱས་སྒྲོལ་མའི་སྐུ་པར་འདི་རེད།

དེ་རྗེས་ནིའུ་ཡོག་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་རྗེ་བཙུན་འཆི་མེད་ཀྱིས་ངོ་དེབ་དང་ཁ་པར་སོགས་བརྒྱུད་ནས། ང་ལ་བུད་མེད་སྒེར་ལངས་སྐོར་འབྲི་རྒྱུའི་ཐོབ་ཐང་མེད་སྐོར་བཤད་ནས་སྐྱོན་འཛུགས་བྱས་པ་མ་ཟད། ཁོང་ཚོས་ལན་འདེབས་གསལ་བཤད་བྱེད་རྒྱུ་ཡིན་སྐོར་གསུངས་སོང་། སྐབས་དེར་ངས་གསལ་བཤད་ཡག་པོ་ཞིག་ཡོད་ན་དགའ་བསུ་ཞུ་རྒྱུ་ཡིན་སྐོར་བཤད་ཡིན། དེ་རྗེས་ཉིན་མང་པོར་གོ་རྒྱུ་མི་འདུག་མོད། ཁ་སང་ཕྱི་ཟླ་༤ ཚེས་༣ ཉིན་གཞི་ནས་ལན་འདེབས་ཡིན་ཟེར་བ་ཞིག་ས་གནས་བུད་མེད་ལྷན་ཚོགས་ཀྱི་མིང་ཐོག་ནས་འབྱོར་སོང་།

ངའི་སྔོན་གྱི་རྩོམ་ཡིག་དེའི་ནང་“གསུམ་པའི་བཅུ་གཉིས་”བོད་ཀྱི་བུད་མེད་སྒེར་ལངས་དུས་དྲན་ཉིན། ནིའུ་ཡོག་ས་གནས་བུད་མེད་ལྷན་ཚོགས་ནས་བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་ཚོའི་སྐུ་པར་འཕྱར་ཡོད་པའི་ནང་། རང་སྲེག་ངོ་རྒོལ་བྱས་ཏེ་འདས་གྲོངས་སོང་བའི་སངས་རྒྱས་སྒྲོལ་མའི་པར་བཅད་གཏུབ་སྐོར་དེ་རེད། པར་དེ་སྤྱིར་བཏང་གི་པར་བཅད་གཏུབ་ཆོག་ཆོག་ཅིག་མ་རེད་སྙམ། ཁོང་གིས་རང་སྲེག་ངོ་རྒོལ་མ་བྱས་པའི་སྔོན་དེར་ལག་མགོར་“བོད་རང་བཙན་རྒྱལ་ཁབ་”ཅེས་བྲིས་པ་དེ་ཁྱབ་བསྒྲགས་བྱེད་ཐུབ་ཡོད་པ་རེད་ལ། དེ་ནི་མོའི་རང་སྲེག་ངོ་རྒོལ་གྱི་དམིགས་ཡུལ་གཙོ་བོ་རྒྱ་ཆེའི་མི་མང་གིས་མཐོང་ཐོས་ཆེད་དུ་ཡིན་གྱི་རེད། དེ་ན་པར་དེའི་ཐོག་“བོད་རང་བཙན་རྒྱལ་ཁབ་”ཅེས་པ་གཏུབ་ཏེ་འཕྱར་བ་ནི་བོད་ཀྱི་བུད་མེད་དཔའ་བོ་ཚོར་རྗེས་དྲན་ལས་མཐོང་ཆུང་དུ་སོང་འདུག ངས་པར་དེ་བསྐྱར་དུ་བཀྲམ་རྒྱུ་ཡིན་ལ། ལྷན་རྒྱས་ཀྱིས་གཟིགས་དང་། པར་དེ་མ་གཏུབ་ན་འཕྱར་མ་བདེ་དེ་འདྲ་ཡང་རེད་མི་འདུག

ཁོང་ཚོས་ང་ལ་པར་གཏུབ་མཁན་རྩད་གཅོད་མ་བྱས་པར་ཟིང་ཆ་བསླངས་སྐོར་བྲིས་འདུག་མོད། གསུམ་དུས་ཉིན་ནིའུ་ཡོག་ཏུ་བོད་མི་ནང་ཁུལ་ལ་རྩོད་གླེང་བྱུང་བ་དེ་ས་གནས་བུད་མེད་ཚུད་པའི་དུས་དྲན་གོ་སྒྲིག་ཚོགས་ཆུང་ནས་རང་བཙན་འཕྲེད་དར་འཕྱར་མཁན་ཚོ་ཕྱིར་ཕུད་བཏང་བ་ལས་བྱུང་བ་ལས། ངས་རྩོམ་ཡིག་དེས་ཟིང་ཆ་བསླངས་པ་ཞིག་གང་ནས་ཡིན། ངས་ཟིང་ཆ་ག་རེ་བསླངས་པ་གསལ་པོ་བཟོ་དགོས་རེད།

11054323_850270448363809_
པར་དེ་གཏུབ་ནས་འཕྱར་ཡོད་པ་འདི་རེད།

ངའི་རྩོམ་ཡིག་སྔོན་མ་དེའི་ནང་པར་གཏུབ་བཞག་པ་ཞིག་འཕྱར་འདུག་བྲིས་ཡོད་པ་ལས། དེ་བུད་མེད་ལྷན་ཚོགས་ཀྱིས་གཏུབ་འདུག་ཅེས་བྲིས་མེད་ལ། ད་ལྟ་ཁོང་ཚོས་པར་དེ་གཏུབ་མཁན་བུད་མེད་ལྷན་ཚོགས་མ་ཡིན་པར། པར་དེ་ཚོ་ནིའུ་ཡོག་དང་ནེའུ་ཇ་སི་བོད་རིགས་ཚོགས་པའི་སར་ནས་གཡར་བ་ཡིན་སྐོར་གསལ་བཤད་བྱས་འདུག གང་ལྟར་པར་གཏུབ་མཁན་སུ་ཡིན་ནའང་མ་འགྲིག་པ་རེད་ལ། གཙོ་བོ་པར་དེ་འདྲ་འཕྱར་དགོས་དོན་སྐོར་རེད།

གང་ལྟར་ཡང་ནང་ཁུལ་རྩོད་གླེང་མང་པོ་བྱེད་འདོད་མེད་ལ། རྗེས་སོར་བོད་ཀྱི་རྩ་དོན་ཆེད་དུ་ལས་ཀ་བྱེད་མཁན་ཞིག་ཡིན་ན། མ་འོངས་ཕུགས་ལ་བསམ་བློ་གཏོང་དགོས་རེད། ང་ནི་ཁོང་ཚོས་བཤད་པ་བཞིན་སྤྱི་ཚོགས་ཀྱི་ཕྱོགས་གཉིས་ཀྱི་གང་ནས་མ་འགྲིག་ན་དེ་འབྲི་མཁན་ཞིག་ཡིན་ལ། མ་འོངས་པར་དེ་ལྟར་བྱེད་དགོས་པའི་ལམ་སྟོན་གནང་བར་ཐུགས་རྗེ་ཆེ།
ས་གནས་བུད་མེད་ལྷན་ཚོགས་ཀྱི་གསལ་བཤད་དེའི་ནང་མ་དག་པ་མུ་མཐུད་མ་ལྷག་ཆེད་བྲིས་པ་ཡིན་སྐོར་འཁོད་འདུག་ནའང་། ངའི་རྩོམ་ཡིག་དེའི་ནང་མ་དག་པ་འདི་རེད་ཅེས་ཚིག་གཅིག་ཀྱང་འདོན་རྒྱུ་མ་རྙེད་པ་ཡ་མཚན་དུ་གྱུར་འདུག ཡིག་ནོར་མང་པོ་ཞིག་བྲིས་འདུག་པ་སོགས་རེ་རེ་བཞིན་སྐྱོན་སེལ་མ་དགོས་པ་བྱས་ཡིན།

དེ་བཞིན་ནིའུ་ཡོག་ས་གནས་བུད་མེད་ཚོགས་པའི་ཚོགས་གཙོས་སྔ་ཕྱིར་ངའི་བྲིས་པའི་རྩོམ་ཡིག་དེར་དོ་སྣང་དང་། དེའི་ཐོག་ལན་འདེབས་གནང་བར་དགའ་བསུ་ཞུ།།

Share this:
༡༡༧ ཀློག་གྲངས།