གླིང་ཚང་ཆོས་རྒྱལ་འཇིགས་མེད་དབང་འདུས་མཆོག་སྐུ་གཤེགས་པ།

གདོང་དྲུག་རིགས་རུས་ལས་མཆེད་པའི་སྤུར་རྒྱལ་བོད་ཆེན་པོའི་རྒྱལ་ཁབ་འདི་ལ་ཕྱོགས་ཀྱི་རྒྱལ་ཕྲན་དུ་མར་བཞུགས་པ་ལས་མདོ་ཁམས་སྨད་འདིར་ནག་ཕྱོགས་བདུད་དགྲ་འདུལ་བའི་དཔའ་བོ་ཆེན་པོ་གླིང་སེང་ཆེན་གེ་སར་ནོར་བུ་དགྲ་འདུལ་གྱི་གདུང་ལས་མཆེད་པའི་གླིང་ཚང་ཆོས་རྒྱལ་ཆེན་པོ་ཞེས་ལུགས་གཉིས་ཀྱི་མངའ་བདག་རྒྱལ་རྒྱུད་རིམ་པ་བྱོན་པ་ལས་རྒྱལ་རབས་༦༥ པ་གླིང་ཆོས་རྒྱལ་འཇིགས་མེད་དབང་འདུས་མཆོག
སྤྱི་ལོ་༢༠༡༥ ཟླ་བ་༣ པའི་ཚེས་༢༢ ཐོ་རངས་ཆུ་ཚོད་༣ པའི་ཐོག་དགོངས་པ་ཞི་བར་མནལ་བ་དང་། ཆོས་རྒྱལ་མཆོག་ནི། སྤྱི་ལོ་༡༩༣༧ ཟླ་༣ ཚེས་༢༠ ཉིན་སྐུ་འཁྲུངས། རིང་པོ་མ་ལོན་པ་ཡབ་ཆོས་རྒྱལ་ཕུན་ཚོགས་རབ་བརྟན་གྱི་མདུན་ནས་ལུགས་གཉིས་ཀྱི་མཁྱེན་རྒྱ་བསྐྱེད་ནས་རྣམ་དཔྱོད་དང་དཔའ་མཛངས་ལ་ཀུན་གྱིས་བསྔགས།
སྤྱི་ལོ་༡༩༥༩ ལོར་དུས་ཀྱི་འཕོ་འགྱུར་གྱིས་རི་བོ་གངས་ཅན་པའི་སྣོད་བཅུད་ཀྱི་དངོས་པོ་ཀུན་ལ་མི་བཟད་པའི་ཆག་འཇིག་བྱུང་བའི་དུས་མཚུངས་སྤྱི་ལོ་ ༡༩༥༦ ལོར་ནས་བཟུང་བོད་བསྟན་པ་ཆབ་སྲིད་སྤྱི་དང་། ཁྱད་པར་གླིང་ཆོས་རྒྱལ་ཆེན་པོའི་འབངས་སུ་མཆིས་པ་རྣམས་ཀྱི་ཆེད་དུ་ཞུམ་པ་མེད་པའི་སྙིང་ སྟོབས་ཀྱིས་རྒྱ་དམག་དང་འཐབ་འཛིང་མུ་འཐུད་ནས་ལོ་ཤས་མཛད།
དེ་ནས་རིམ་གྱིས་འཕགས་ཡུལ་དུ་འབྱོར་ཏེ་བྱེས་ཀྱི་གླིང་ཚང་སྡེ་འབངས་ཡོངས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྤྱི་ལོ་༡༩༧༣ ལོར་གླིང་ཚང་གཞིས་ཆགས་ཀྱི་དབུ་འཛིན་ཐུགས་ཁུར་བཞེས་ནས་ལོ་ངོ་བཅུ་ཙམ་དཀའ་ཚེགས་ལ་མ་ལྟོས་པ་ཕྱག་ལས་གནང་སྟེ་གླིང་ཚང་གཞིས་ཆགས་ཞེས་ཀུན་གྱིས་ཡིད་སྨོན་འོས་པ་ལྟ་བུར་གྱུར།
དེ་རྗེས་གཞིས་ལུས་གླིང་ཚང་སྡེ་འབངས་ལ་ཕན་དུ་རེ་ནས་སླར་ཕ་ཡུལ་དུ་ཕྱིན་ནས་གཞིས་ལུས་སྡེ་འབངས་ལ་ཕྱིས་འབྱུང་ཕུགས་མདུན་ལ་ཕན་པའི་གནད་སྨིན་སློབ་གསོ་དང་ལམ་སྟོན་བཀའ་སློབ་རྒྱུན་མར་བསྩལ་བ་དང་། སྔར་བྱོན་ཆོས་རྒྱལ་རྣམས་ཀྱི་དགོངས་འདུན་སྲོག་ཏུ་བཟུང་ནས་རྣམ་དཀར་ཆོས་མཐུན་གྱི་བྱ་བ་ཁོ་ན་ལ་འབད་ཅིང་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་བཞུགས་བཞིན་འདས་པའི་བདུན་ཕྲག་གཅིག་ཙམ་གྱི་རིང་དུ་ཟས་ཀྱི་ཁམས་མི་ཡོང་བ་ལྟ་བུའི་སྐུ་ཁམས་སྔར་དང་ཅུང་མ་འདྲ་བ་ཙམ་ལས་ཚབ་ཆེན་གྱི་སྨྱུང་གཞི་དང་ཟུག་རྔུ་སོགས་གང་ཡང་མེད་སྤྱི་ལོ་༢༠༡༥ ཟླ་བ་༣ པའི་ཚེས་༢༢ ཐོ་རངས་ཆུ་ཚོད་༣ པའི་ཐོག་དགོངས་པ་ཞི་བར་མནལ་བ་དང་། སྐབས་དེར་བསྟན་འཕེལ་ལྕམ་མོ་སྤྲུལ་སྐུ། ཚབ་ཚ་སྐུ་ཕྱེ་སྤྲུལ་སྐུ། རྫོང་མགོ་སྤྲུལ་སྐུ་ཐུབ་བསྟན་སྐལ་བཟང་། ཀཿཐོག་སྤྲུལ་སྐུ་བཀྲ་བརྒྱ། སྨིན་གླིང་དགོན་གྱི་སྤྲུལ་སྐུ་གྲགས་པ་། ལེགས་དགོན་མཁན་པོ་སྐལ་བཟང་ཕུན་ཚོགས་སོགས་བཅར་ཏེ་ཐུགས་སྨོན་དང་། གཞན་ཡང་ཀཿཐོག་མཁན་སྤྲུལ་དང་དགེ་འདུན་པ་མང་དག་ཞིག་གླིང་ཚང་སར་བོད་ཟླ་༢ ཚེས་༦ བར་དགོངས་རྫོགས་མཆོད་འབུལ་མཛད་བཞིན་དང་། བོད་ཟླ་༢ ཚེས་༧ ཉིན་རྒྱ་ནག་ཁྲིན་ཏུའུ་ནས་ཁམས་གླིང་ཚང་རྫོང་མགོ་དགོན་དུ་སྐུ་གདུང་གདན་འདྲེན་ཞུས་ཏེ་ཞུགས་སུ་འབུལ་བ་དང་གཞི་རྩའི་དགོངས་རྫོགས་མཆོད་འབུལ་ཁམས་གླིང་ཚང་རྫོང་མགོ་དགོན་དུ་གནང་འཆར་ཡིན་པ་བཅས་སོ།
གླིང་ཚང་བསྟན་སྐྱབས་ཀྱིས།
Share this:
༡༦༡ ཀློག་གྲངས།