དེ་རིང་གི་གྲོས་ཚོགས་མཚམས་འཇོག་དགོས་བྱུང་སོང།

ལོ་སྔོན་མར་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ཨོ་སི་ཁྲི་ལི་ཡར་ཆབ་སྲིད་བཙོན་པའི་ཁོངས་སུ་གནས་སྤོ་བྱས་པ་དང། ཉེ་ཆར་ཁོང་གྲོས་ཚོགས་ལ་བཅར་སྐབས་ལམ་གྲོན་གཞུང་གིས་གཏོང་རྒྱུའི་སྙན་སེང་ཞུས་དོན་བཞིན་སྤྱི་འཐུས་རྒྱུན་ལས་ཀྱིས་ཐག་གཅོད་གནང་ཡོད་པ་རེད། རྒྱ་བལ་འབྲུག་གསུམ་ནང་གི་སྤྱི་འཐུས་ཕྱི་རྒྱལ་ལ་གནས་སྤོ་བྱས་ན། གྲོས་ཚོགས་སྐབས་ལམ་གྲོན་གཞུང་གིས་གཏོང་རྒྱུ་མེད་པའི་སྐོར་གྱི་གྲོས་ཆོད་ཅིག་སྤྱི་འཐུས་འཕེལ་རྒྱས་སྒྲོལ་མ་མཚོ་མོ་ལགས་ཀྱིས་བཏོན་པའི་ནང་འཁོད་དོན། “རྒྱ་བལ་འབྲུམ་གསུམ་ནས་ཆོལ་ཁ་དང་ཆོས་ལུགས། ཆོས་བརྒྱུད་ཁུངས་སོས་འོས་འདེམས་བྱུང་བའི་སྤྱི་འཐུས་ཤིག་ཕྱི་རྒྱལ་དུ་གནས་སྤོ་བྱ་དགོས་བྱུང་ཚེ་སྔར་ལམ་ལྟར་སྤྱི་འཐུས་སོ་སོས་རྒྱག་རང་འཁུར་བྱེད་དགོས་པ་ལས། གཞུང་གྲོན་གཏོང་མི་ཆོག་པའི་གྲོས་ཆོད་”ཅེས་འཁོད་ཡོད་པ་དང། མཇུག་ཏུ་སྤྱི་འཐུས་བཅུ་བཞི་ཙམ་གྱིས་མཚན་རྟགས་བརྒྱབ་ཡོད་པ་རེད། སྤྱི་འཐུས་འཕེལ་རྒྱས་སྒྲོལ་མ་ལགས་ཀྱིས་གྲོས་ཆོད་དེ་འདོན་དགོས་དོན་སྤྱི་འཐུས་རྒྱུན་ལས་ཀྱིས་དྲང་པོ་བྱས་མེད་པས། དྲང་པོ་བྱེད་དགོས་པ་རེད། སྤྱི་འཐུས་ཕྱི་རྒྱལ་དུ་གནས་སྤོ་བྱས་ན་གཞུང་གིས་ལམ་གྲོན་གཏོང་དགོས་པ་མ་རེད་ཅེས་གསལ་བཤད་བྱས་ཡོད་པ་རེད།
གྲོས་ཆོད་དེར་ངོ་རྒོལ་བྱེད་མཁན་སྤྱི་འཐུས་ཚོས་གྲོས་ཆོད་དེ་སྔར་དང་མི་འདྲ་བར་གྲོས་ཆོད་ཀྱི་མཇུག་ཏུ་རྒྱབ་སྐྱོར་གནང་མཁན་ཚོས་མཚན་རྟགས་བརྒྱབ་པ་དེ་དཔུང་བསྒྲིགས་ཡོང་བ་ཞིག་ཡིན་པ་དང། དེ་བཞིན་གྲོས་ཆོད་དེ་གང་ཟག་སྒེར་ལ་དམིགས་ནས་བཏོན་པ་ཞིག་ཡིན་པས། བོད་མིའི་བཅའ་ཁྲིམས་དང་མཐུན་ཀྱི་མེད་པས་ངོ་རྒོལ་བྱེད་ཀྱི་ཡོད། སྤྱི་འཐུས་རྣམས་རྒྱ་གར་ནང་དང་བལ་ཡུལ་དུ་ཕན་ཚུན་གནས་སྤོས་བྱས་པ་ཚོར་གནས་སྤོས་བྱེད་ས་དེ་ནས་ཡོང་བའི་ལམ་གྲོན་གཏོང་གི་ཡོད་པ་དང་གཅིག་མཚུངས་རེད། དེ་སྔོན་འགྲོ་སྟངས་འདིའི་ཐོག་ཁྲིམས་སྒྲིག་གཞི་གསལ་པོ་མེད་པས། གནས་སྐབས་གྲོས་ཆོད་འདི་ཕྱིར་འཐེན་གནང་ན་ཡག་གི་རེད། དེ་བཞིན་གྲོས་ཆོད་འདི་བཞག་ན་སྤྱི་འཐུས་རྒྱུན་ལས་ཀྱི་དྲང་པོ་མ་བྱས་པར་ངོས་འཛིན་དགོས་པས། སྤྱི་འཐུས་རྒྱུན་ལས་ཚང་མ་ཚོགས་གཙོ་ཚོགས་གཞོན་དང་བཅས་དགོངས་པ་ཞུ་དགོས་པ་རེད་ཅེས་གསལ་བཤད་བྱེད་མཁན་བྱུང་ཡོད་པ་རེད།
གྲོས་ཆོད་དེར་རྒྱབ་སྐྱོར་གནང་མཁན་ཚོས་སྔོན་མ་སྤྱི་འཐུས་གཉིས་ཕྱི་རྒྱལ་ལ་གནས་སྤོ་བྱས་པ་དེ་ཚོར་གཞུང་གི་ལམ་གྲོན་བཏང་མེད་པས། ད་ལྟ་ལམ་གྲོན་བཏང་བ་དེ་སྤྱི་འཐུས་རྒྱུན་ལས་ཀྱིས་དྲང་པོ་མ་བྱས་པ་རེད། དྲང་པོ་མ་བྱས་པ་ངོ་རྒོལ་དང་སྦྲགས་གྲོས་ཆོད་འདིར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།
དུས་ཚོད་རིང་པོའི་ནང་བཤད་རེས་བྱས་རྗེས་གྲོས་ཆོད་ལ་ངོ་རྒོལ་བྱེད་མཁན་ཚོས་ངོ་རྒོལ་གྱི་རྣམ་འགྱུར་མཚོད་ཆེད་ཚོགས་ཐོག་ནས་ཕྱི་ལ་ཐོན་པར་བརྟེན། མཐའ་མཇུག་གྲོས་ཚོགས་ཀྱི་འགྲོ་ལུགས་ལྟར་གྲུབ་ཆ་མ་ལོངས་ནས། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་༤ ཙམ་ལ་ཚོགས་འདུ་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་རེད།
སྤྱིར་བཏང་གྲོས་ཆོད་དེ་ཚང་མས་མོས་མཐུན་བྱེད་མི་ཐུབ་ས་ཞིག་ཆགས་མེད་པ་མ་ཟད། འདི་འདྲ་ཛ་དྲག་ཅིག་དེ་བས་མིན་མོད། ཁག་ཅིག་དཔུང་བསྒྲིགས་འདུག་ཟེར་བ་དང། གང་ཟག་སྒེར་ལ་དམིགས་འདུག་ཟེར་བ། སྤྱི་འཐུས་རྒྱུན་ལས་ཀྱི་དྲང་མོ་བྱས་ཡོད་མེད་བཅས་ཀྱི་གནད་དོན་འོག་གླེང་སློང་བྱུང་ཡོད་པ་རེད།  ངོ་རྒོལ་གྱི་རྣམ་འགྱུར་མཚོན་ཆེད་ཚོགས་ཐོག་ནས་འགྲོ་མཁན་མདོ་སྟོད་སྤྱི་འཐུས་མང་ཕྱོགས་དང། ཆོས་བརྒྱུད་ཀྱི་སྤྱི་འཐུས་ཁག་ཅིག།དབུས་གཙང་སྤྱི་འཐུས་གཅིག་བཅས་ཡིན་པ་རེད། རྒྱབ་སྐྱོར་གནང་མཁན་དབུས་གཙང་གི་སྤྱི་འཐུས་མང་ཕྱོགས་དང། མདོ་སྨད་ཀྱི་སྤྱི་འཐུས་མང་ཕྱོགས་ཡོད་པ་རེད། དེ་མིན་ངོ་རྒོལ་བྱེད་མཁན་གཉིས་གསུམ་ཞིག་བྱུང་ཡོད་ནའང། ཚོགས་ཐོག་ནས་ཕྱི་ལ་ཐོན་མེད་པ་རེད།།

Share this:
༣༩ ཀློག་གྲངས།