ཕྱོགས་གཉིས་སུ་གྱེས་ནས་གྲོས་ཚོགས་མཇུག་བསྡོམས་མ་ཐུབ་པ།

ཕྱི་དྲོ་ནས་གྲོས་ཚོགས་ཀྱི་ཉིན་གྲངས་རྫོགས་ཀྱི་ཡོད་པར་བརྟེན། ལས་རིམ་ཚང་མ་ཕྱིར་འགྱངས་བྱས་ཏེ། མཇུག་བསྡོམས་རྒྱག་རྩིས་བྱས་ཡོད་ཀྱང། ད་དུང་ཚོགས་འདུའི་གྲུབ་ཆ་མ་ལོངས་པར་གྲོས་ཚོགས་ལ་མཇུམ་བསྡོམས་ཡང་བྱེད་མ་ཐུབ་པར་དུས་ཚོད་ངེས་མེད་བར་དུ་ཚོགས་གསེང་ཡིན་ཞེས་ཚོགས་གཙོ་མཆོག་གིས་གསུངས་ཡོད་པ་རེད།
ལོ་སྔོན་མར་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ཆབ་སྲིད་བཙོན་པ་གནས་སྤོས་ཀྱི་རྒྱན་ཐོབ་བྱུང་བ་བཞིན། ཨོ་སི་ཁྲི་ལི་ཡར་གནས་སྤོས་བྱས་པ་དང། ཉེ་ཆར་ཁོང་གྲོས་ཚོགས་ལ་བཅར་སྐབས་ལམ་གྲོན་གཞུང་གིས་གཏོང་རྒྱུར་རེ་སྐུལ་ཞུས་པ་ལྟར། སྤྱི་འཐུས་རྒྱུན་ལས་ཀྱིས་ཐག་གཅོད་གནང་ཡོད་པ་རེད། རྒྱ་བལ་འབྲུག་གསུམ་ནང་གི་སྤྱི་འཐུས་ཕྱི་རྒྱལ་ལ་གནས་སྤོས་བྱས་ན། གྲོས་ཚོགས་སྐབས་ལམ་གྲོན་གཞུང་གིས་གཏོང་རྒྱུ་མེད་པའི་སྐོར་གྱི་གྲོས་ཆོད་ཅིག་སྤྱི་འཐུས་འཕེལ་རྒྱས་སྒྲོལ་མ་མཚོ་མོ་ལགས་ཀྱིས་བཏོན་པའི་ནང་འཁོད་དོན། “རྒྱ་བལ་འབྲུམ་གསུམ་ནས་ཆོལ་ཁ་དང་ཆོས་ལུགས། ཆོས་བརྒྱུད་ཁུངས་སོས་འོས་འདེམས་བྱུང་བའི་སྤྱི་འཐུས་ཤིག་ཕྱི་རྒྱལ་དུ་གནས་སྤོ་བྱ་དགོས་བྱུང་ཚེ་སྔར་ལམ་ལྟར་སྤྱི་འཐུས་སོ་སོས་རྒྱགས་རང་འཁུར་བྱེད་དགོས་པ་ལས། གཞུང་གྲོན་གཏོང་མི་ཆོག་པའི་གྲོས་ཆོད་”ཅེས་འཁོད་ཡོད་པ་དང། མཇུག་ཏུ་སྤྱི་འཐུས་བཅུ་བཞི་ཡིས་མཚན་རྟགས་བརྒྱབ་ཡོད་པ་རེད།
གྲོས་ཆོད་དེར་ངོ་རྒོལ་བྱེད་མཁན་སྤྱི་འཐུས་ཚོས་གྲོས་ཆོད་དེའི་མཇུག་ཏུ་རྒྱབ་སྐྱོར་གནང་མཁན་བཅུ་བཞི་ཡིས་ མཚན་རྟགས་བརྒྱབ་པ་དེ་དཔུང་བསྒྲིགས་ནས་ཡོང་བ་ཞིག་ཡིན་པ་དང། དེ་བཞིན་གྲོས་ཆོད་དེ་གང་ཟག་སྒེར་ལ་དམིགས་ནས་བཏོན་པ་ཞིག་ཡིན་པས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དགོངས་དོན་དང་མཐུན་ཀྱི་མེད་པས་ངོ་རྒོལ་བྱེད་ཀྱི་ཡོད། སྤྱི་འཐུས་རྣམས་རྒྱ་གར་ནང་དང་བལ་ཡུལ་དུ་ཕན་ཚུན་གནས་སྤོས་བྱས་པ་ཚོར་གནས་སྤོས་བྱེད་ས་དེ་ནས་ཡོང་བའི་ལམ་གྲོན་གཏོང་གི་ཡོད་པ་དང་གཅིག་མཚུངས་རེད། དེ་སྔོན་འགྲོ་སྟངས་འདིའི་ཐོག་ཁྲིམས་སྒྲིག་གཞི་གསལ་པོ་མེད་པས། གནས་སྐབས་གྲོས་ཆོད་འདི་ཕྱིར་འཐེན་གནང་ན་ཡག་གི་རེད། དེ་བཞིན་གྲོས་ཆོད་འདི་གལ་སྲིད་བཞག་ན་སྤྱི་འཐུས་རྒྱུན་ལས་ཀྱི་དྲང་པོ་མ་བྱས་པར་ངོས་འཛིན་དགོས་པས། སྤྱི་འཐུས་རྒྱུན་ལས་ཚང་མ་ཚོགས་གཙོ་ཚོགས་གཞོན་དང་བཅས་དགོངས་པ་ཞུ་དགོས་པ་རེད་ཅེས་གསལ་བཤད་གནང་མཁན་བྱུང་ཡོད་པ་རེད།
སྤྱི་འཐུས་འཕེལ་རྒྱས་སྒྲོལ་མ་ལགས་ཀྱིས་གྲོས་ཆོད་དེ་འདོན་དགོས་དོན་སྤྱི་འཐུས་རྒྱུན་ལས་ཀྱིས་དྲང་པོ་བྱས་མེད་པས། དྲང་པོ་བྱེད་དགོས་པ་རེད། སྤྱི་འཐུས་ཕྱི་རྒྱལ་དུ་གནས་སྤོས་བྱས་ན་གཞུང་གིས་ལམ་གྲོན་གཏོང་དགོས་པ་མ་རེད། དཔུང་བསྒྲིགས་པ་ཞིག་གང་ཡང་མིན། སོ་སོའི་བློ་མཐུན་ས་ཚོར་གྲོས་བསྡུར་བྱས་པ་ལས་ཚང་མར་བཅར་རྒྱུ་མ་བྱུང་ལ། ནམ་རྒྱུན་དེ་འདྲར་དགའ་བོ་ཡང་མེད་ཅེས་གསལ་བཤད་གནང་བ་དང། གྲོས་ཆོད་དེར་རྒྱབ་སྐྱོར་གནང་མཁན་ཚོས་སྔོན་མ་སྤྱི་འཐུས་གཉིས་ཕྱི་རྒྱལ་ལ་གནས་སྤོ་བྱས་པ་དེ་ཚོར་གཞུང་གི་ལམ་གྲོན་བཏང་མེད་པས། ད་ལྟ་ལམ་གྲོན་བཏང་བ་དེ་སྤྱི་འཐུས་རྒྱུན་ལས་ཀྱིས་དྲང་པོ་མ་བྱས་པ་རེད། དེ་ལ་བརྟེན་ནས་གྲོས་ཆོད་འདིར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།
ཡང་སྤྱི་འཐུས་ཁག་ཅིག་གིས་སྤྱི་འཐུས་རྒྱུན་ལས་ཀྱིས་དྲང་པོ་བྱས་མི་འདུག ཡིན་ནའང། གྲོས་ཆོད་འདིར་སྤྱི་འཐུས་བཅུ་བཞིའི་མཚན་རྟགས་བརྒྱབ་པ་དེ་ཡག་པོ་མི་འདུག དེ་ལ་དཔུང་བསྒྲིགས་པའི་རྣམ་པ་ཡང་འདུག རྒྱབ་སྐྱོར་ཡོད་མེད་གྲོས་ཚོགས་ནང་ནས་ཐག་ཆོད་ཡོང་གི་རེད། དེ་བཞིན་གང་ཟག་སྒེར་དེ་བཀག་ཐུབ་པ་ཙམ་གྱིས་སྤྱི་ཚོགས་ཀྱི་གནས་སྟངས་ག་འདྲ་ཆགས་ཀྱི་རེད་ཅེས་གསལ་བཤད་གནང་མཁན་ཡང་ཁག་ཅིག་བྱུང་ཡོད་པ་རེད། དུས་ཡུན་རིང་པོར་བཤད་རེས་བྱས་རྗེས་གྲོས་ཆོད་ལ་ངོ་རྒོལ་བྱེད་མཁན་ཚོས་ངོ་རྒོལ་གྱི་རྣམ་འགྱུར་མཚོན་ཆེད་ཚོགས་ཐོག་ནས་ཕྱི་ལ་ཐོན་པར་བརྟེན། མཐའ་མཇུག་གྲོས་ཚོགས་ཀྱི་འགྲོ་ལུགས་ལྟར་གྲུབ་ཆ་མ་ལོངས་ནས། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་༤ ཙམ་ལ་ཚོགས་འདུ་མཚམས་འཇོག་བྱེད་དགོས་བྱུང་བ་མ་ཟད། ཕྱི་ཉིན་གྲོས་ཚོགས་ཉིན་མཐའ་མ་ཡིན་པར་བརྟེན། བསྐྱར་དུ་འཚོགས་ཡོད་ནའང། ཚོགས་འདུའི་གྲུབ་ཆ་མ་ལོངས་ནས་མཇུག་བསྡོམས་ཡང་རྒྱག་མ་ཐུབ་པར་ལྷག་ཡོད་པ་རེད།
སྤྱིར་བཏང་གྲོས་ཆོད་དེ་ཚང་མས་མོས་མཐུན་བྱེད་མི་ཐུབ་ས་ཞིག་ཆགས་མེད་པ་མ་ཟད། འདི་འདྲ་ཛ་དྲག་ཅིག་དེ་བས་མིན་མོད། ཁག་ཅིག་དཔུང་བསྒྲིགས་འདུག་ཟེར་བ་དང། གང་ཟག་སྒེར་ལ་དམིགས་འདུག་ཟེར་བ། སྤྱི་འཐུས་རྒྱུན་ལས་ཀྱི་དྲང་མོ་བྱས་ཡོད་མེད་བཅས་ཀྱི་གནད་དོན་འོག་གླེང་སློང་བྱུང་ཡོད་པ་རེད། ངོ་རྒོལ་གྱི་རྣམ་འགྱུར་མཚོན་ཆེད་ཚོགས་ཐོག་ནས་འགྲོ་མཁན་མདོ་སྟོད་སྤྱི་འཐུས་མང་ཕྱོགས་དང་། ཆོས་བརྒྱུད་ཀྱི་སྤྱི་འཐུས་མང་ཆེ་བ། དབུས་གཙང་སྤྱི་འཐུས་གཅིག་བཅས་རེད་འདུག་ལ། རྒྱབ་སྐྱོར་གནང་མཁན་ནང་དབུས་གཙང་གི་སྤྱི་འཐུས་མང་ཕྱོགས་དང། མདོ་སྨད་ཀྱི་སྤྱི་འཐུས་མང་ཕྱོགས། མདོ་སྟོད་སྤྱི་འཐུས་དང་ཆོས་བརྒྱུད་སྤྱི་འཐུས་རེ་ཟུང་ཞིག་ཡིན་པ་ལྟ་བུ་མངོན་འདུག དེ་མིན་ངོ་རྒོལ་བྱེད་མཁན་གཉིས་གསུམ་ཞིག་བྱུང་ཡོད་ནའང། ཚོགས་ཐོག་ནས་ཕྱི་ལ་ཐོན་མེད་པ་རེད།
གནད་དོན་དེའི་སྐོར་གྲོས་ཆོད་འདོན་མཁན་སྤྱི་འཐུས་འཕེལ་རྒྱས་སྒྲོལ་མ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས། “ང་ཚོས་སྤྱི་འཐུས་རྒྱུན་ལས་ཀྱི་ཐག་གཅོད་གནང་སྟངས་དེ་འགྲིག་མི་འདུག ང་ཚོས་དེ་འདྲའི་གྲོས་འཆར་ཞིག་འདོན་གྱི་ཡོད་ཞུས་དུས། གཞན་པའི་སྤྱི་འཐུས་ཚོས་རྒྱབ་སྐྱོར་གནང་བ་རེད། དེ་འགྲིག་གི་མེད་པ་བཀའ་ལན་ར་སྤྲོད་གནང་དགོས་པ་རེད། རླུང་ལངས་ནས་ཕྱི་ལོག་ཏུ་ཕེབས་པ་དེ་ཏག་ཏག་བསྡད་ཡོད་པ་མ་རེད་”ཅེས་གསུངས་སོང། གྲོས་ཆོད་དེ་ཐག་གཅོད་བྱུང་ན་སྤྱི་འཐུས་རྒྱུན་ལས་ཀྱི་དྲང་པོ་མ་བྱས་པ་ཆགས་ཡོད་པས། སྤྱི་འཐུས་རྒྱུན་ལས་ཚང་མ་དགོངས་པ་ཞུ་དགོས་པ་རེད་ཅེས་གསུང་མཁན་བྱུང་བ་རེད། དེའི་ཐོག་དགོངས་ཚུལ་ག་རེ་ཡོད་ཅེས་དྲིས་པར། ཁོང་གིས་“དེའི་ཐོག་གང་ཡང་ཞུ་རྒྱུ་མེད་”ཅེས་ལན་འདེམས་གནང་སོང།
གྲོས་ཆོད་དེར་ས་ཡིག་མང་པོ་བསྡུ་རུབ་བྱས་ཏེ། དཔུང་བསྒྲིགས་པ་ལྟ་བུ་བྱུང་ཡོད་པས་རྒྱབ་སྐྱོར་བྱེད་བདེ་ཐབས་མི་འདུག་ཅེས་ངོ་རྒོལ་གནང་མཁན་བྱུང་བ་རེད། གྲོས་ཆོད་འདོན་སྟངས་ལ་དེ་ལས་སྟབས་བདེ་བའི་ཐབས་ལམ་ཡོད་པ་མ་རེད་དམ་ཞེས་དྲིས་པར། གྲོས་ཆོད་དེར་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་ཀྱིས་གསུང་དོན། “ང་ཚོ་དཔུང་བསྒྲིགས་རྒྱུ་དེ་འདྲ་མ་རེད། གྲོས་ཆོད་དེ་བཟོ་སྐབས་ཁོང་ཚོས་དྲང་པོ་བྱུང་མི་འདུག གྲོས་ཆོད་དེ་ལ་རྒྱབ་སྐྱོར་ཞུ་ཡི་ཡིན་ཞེས་གཅིག་གི་རྒྱབ་ལ་གཅིག་གིས་རྒྱབ་སྐྱོར་གནང་བ་ཞིག་རེད་མ་གཏོགས། ང་ཚོ་ཕན་ཚུན་འཛོམས། ཁ་པར་བཏང། དེ་འདྲ་བྱས་པ་ཞིག་མ་རེད། གྲོས་ཆོད་ཕྱིར་འཐེན་བྱེད་རྒྱུའི་རྩིས་མེད། མ་འོངས་པར་ཕྱི་ཟླ་༣ པའི་ནང་ཡིན་ནའང་མུ་མཐུད་ནས་གྲོས་ཆོད་དེ་ཁྱེར་ཡོང་གི་རེད་”ཅེས་གསུངས་སོང། སྤྱི་འཐུས་རྒྱུན་ལས་ཀྱིས་དེའི་ཐོག་བསྒྱུར་བཅོས་བཏང་ན། འགྲིག་གི་རེད་དམ་ཅེས་དྲིས་པར། ཁོང་གིས། “དེའི་སྔོན་སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་ཁོ་རང་ཚོས་ནོར་འདུག་ཅེས་ཐག་གཅོད་ཅིག་གནང་ན་ང་ཚོར་དགོས་པ་དེ་རེད་”ཅེས་གསུངས་སོང།
གྲོས་ཆོད་དེར་ངོ་རྒོལ་དང་པོ་གནང་མཁན་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་“ངས་བསམ་བློ་གཏོང་སྟངས་གཙོ་བོ་དེ་ཉི་མ་ཁ་ཤས་སྔོན་ནས་བརྒྱུད་རིམ་དེ་བྱུང་བསྡད་པ་དང། དེ་ལ་ཡང་བསམ་ཚུལ་ཤུགས་ཆེན་པོ་དང་ནང་ཁུལ་ལ་ཤུགས་ཆེན་པོ་གནང་བསྡད་པ་ཞིག་རེད། དེ་ལ་བརྟེན་ནས་དགག་པ་རྒྱག་དགོས་བྱུང་བ་རེད།  གང་ཟག་བྱེ་བྲག་པའི་མིང་བྲིས་མེད་ནའང། ཤུགས་ཆེན་པོ་བགྲང་བསྡད་ཡོད་པ་རེད། འདུ་འཛོམས་མང་པོ་ཞིག་བྱས་ནས། ད་ལྟ་བར་དུ་འདི་འདྲའི་རིགས་ཀྱིས་སྤྱི་ཚོགས་ནང་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། དེ་མ་བྱུང་ན་བསམ་ནས་དགག་པ་བརྒྱབ་པ་ལ་བརྟེན་ནས། གནས་སྟངས་འདི་འདྲ་ཞིག་ཆགས་སོང་བ་རེད་”ཅེས་དང། དེའི་ཐོག་མ་འོངས་པར་རྒྱུན་ལས་ཀྱིས་བྱེད་ཐབས་གང་ཡོད་སྐོར་དྲིས་པར། ཁོང་གིས་རྒྱུན་ལས་ཀྱི་ལས་དོན་བྱེད་མ་ཤེས་པ་ཞིག་ཆགས་བསྡད་ཡོད་པ་རེད། གྲོས་ཆོད་ཀྱི་ངོ་གདོང་ལ་རྒྱུན་ལས་ཞེས་བྲིས་ཡོད་པ་མ་རེད་མོད། རྒྱབ་ལྗོངས་རྒྱུ་མཚན་སུས་བཤད་ནའང། རྒྱུན་ལས་ཀྱིས་དྲང་པོ་བྱས་མ་སོང་ཟེར་གྱི་ཡོད་པས། ད་ལྟ་རྒྱུན་ལས་ཀྱིས་ཐག་གཅོད་ཅིག་བྱེད་རྒྱུ་ཡོད་པ་རེད་དྲན་གྱི་མི་འདུག་”ཅེས་དང། “སྤྱིར་བཏང་སྒྲིག་གཞི་བཟོ་དགོས་པ་མ་རེད་ཅེས་བཤད་ཀྱི་ཡོད་པ་མ་རེད། ད་ལྟའི་སྐབས་ཀྱི་གང་ཟག་ལ་བལྟས་ནས་འགྱུར་བ་བཏང་བའི་གནས་ཚུལ་ཞིག་མ་ལྷགས་པ་བྱེད་དགོས་པ་རེད། གྲོས་ཆོད་ཀྱི་ངོ་གདོང་ལ་བལྟས་ན་འགྲིག་ཐག་ཆོད་ཞིག་མཐོང་གི་ཡོད། ཡིན་ནའང་ད་ལྟ་བར་དུ་སྤྱི་ཚོགས་ནང་འདི་འདྲའི་རིགས་མང་པོ་ཞིག་གནང་བསྡད་པ་མཐོང་སོང། དེ་ལ་བརྟེན་ནས་སྤྱི་ཚོགས་ནང་བརྡབ་གསིག་འགྲོ་ཡི་ཡོད་པ་ལ་བརྟེན། དང་ཐོག་ནས་གྲོས་ཚོགས་ནང་འགྲོ་མ་དགོས་ན་བསམས་ནས་ལས་རིམ་རྣམ་བཞག་བཏོན་པ་རེད། ཡིན་ནའང་གྲོས་ཚོགས་ནང་སླེབས་ཚར་དུས་ཕྱོགས་གཉིས་ཆ་ནས་འགྲེལ་བཤད་རྒྱག་གི་ཡོད་པ་རེད་”ཅེས་གསུངས་སོང།

Share this:
༨༥ ཀློག་གྲངས།