སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མྱུར་སྐྱོབ་དགོས་པའི་ལས་འགུལ།

ཟླ་འདིའི་ཚེས་༧ ཉིན་ནི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱ་ནག་གཞུང་གིས་འབར་རྫས་གས་འཐོར་གྱི་ཉེས་མིང་འོག་འཛིན་བཟུང་བྱས་ནས་ལོ་བཅུ་གསུམ་འཁོར་བའི་ཉིན་མོ་ཡིན་པས། ཉིན་དེར་འཛམ་གླིང་གི་ས་གནས་མང་པོར་བོད་དོན་ལས་འགུལ་བ་དང་། བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་སྡེ་ཁག་གིས་སྤྲུལ་སྐུ་ཛ་དྲག་སྨན་བཅོས་ཀྱི་ཆེད་(Medical Parole) གློད་གྲོལ་དགོས་པའི་ལས་འགུལ་སྣ་ཚོགས་གསར་དུ་སྤེལ་གྱི་ཡོད་པ་རེད།

_MG_7326ཉིན་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭར་མི་མང་འདུ་འཛོམས་ཀྱི་ལས་འགུལ་ཞིག་གོ་སྒྲིག་བྱས་ཏེ། སློབ་ཕྲུག་ཚོགས་པའི་ཨེ་ཤི་ཡའི་འགན་འཛིན་རྡོ་རྗེ་ཚེ་བརྟན་དང། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ལས་བྱེད་བློ་བཟང་ཚེ་བརྟན་གཉིས་ཀྱིས་ལས་འགུལ་ངོ་སྤྲོད་གཏམ་བཤད་དང། བཙུན་མ་བདེ་ལེགས་དབྱངས་སྒྲོན་གྱིས་སྤྲུལ་སྐུའི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ་བའི་གཏམ་བཤད་གནང་ཡོད་པ་རེད།
དེ་རྗེས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིི་སློབ་མ་བཙན་བྱོལ་ནང་ཡོད་མཁན་ཚོས་བཏོན་པའི་རིན་པོ་ཆེའི་སྐོར་གྱི་<<མཛད་རྣམ་ཁ་བ་དཀར་པོ།>>ཞེས་པའི་དཔེ་དེབ་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུ་འབྱེད་གནང་བ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་པའི་སྐོར་དང་འབྲེལ་ནས་གསུང་བཤད་གནང་ཡོད་པ་རེད། དེ་བཞིན་ཉིན་དེར་སྐུ་མགྲོན་སྤྱི་འཐུས་འབའ་སྐལ་བཟང་རྒྱལ་མཚན་གྱིས་སྤྲུལ་སྐུར་མ་ཉེས་ཁག་གཡོག་གིས་རྒྱ་ནག་གཞུང་གིས་ཁྲིམས་ཐག་བཅད་པ་ཡིན་པའི་བརྒྱུད་རིམ་དང་ཚུལ་མཐུན་གྱི་ཁྲིམས་གཏུག་བརྒྱུད་རིམ་རག་མེད་སྐོར་གྱི་གསུང་བཤད་གནང་ཡོད་པ་རེད།

ལས་འགུལ་གོ་སྒྲིག་པ་རྣམས་སྨན་བཅོས་ཀྱི་མཚོན་རྟགས་རྒྱ་གྲམ་དམར་པོའི་དར་ཆ་འཕྱར་བ་དང། མི་མང་གི་ལག་པར་རྒྱ་གྲམ་དམར་པོའི་མཚོན་རྟགས་བརྒྱབ་ནས་སྤྲུལ་སྐུ་བཙོན་ཁང་ནས་ཛ་དྲག་སྨན་བཅོས་ཆེད་གློད་གྲོལ་ཡོང་བའི་ལས་འགུལ་སྤེལ་ཡོད་པ་རེད།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱ་ནག་གཞུང་གིས་འབར་རྫས་གས་འཐོར་གྱི་ཉེས་མིང་འོག་༢༠༠༢ ལོར་འཛིན་བཟུང་བྱས་ཏེ། ཚུལ་མཐུན་གྱི་ཁྲིམས་གཏུག་གང་ཡང་བྱེད་མ་བཅུག་པར། ཕྱི་ཟླ་༡༢ ཚེས་༢ ཉིན་སྲོག་ཁྲིམས་བཅད་པ་དང་། ཁོང་དང་མཉམ་དུ་ནག་ཉེས་གཡོག་སའི་བློ་བཟང་དོན་གྲུབ་སྲོག་ཐོག་ཏུ་བཏང་རྗེས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྲོག་ཁྲིམས་ཚེ་བཙོན་དུ་བསྒྱུར།
ད་ལྟ་བཙོན་ཁང་ནང་ཁོང་གི་སྐུ་གཟུགས་གནས་སྟངས་སྐྱོ་པོ་ཆགས་པ་མ་ཟད། སྙིང་གི་ན་ཚ་ཛ་དྲག་ཏུ་གྱུར་ཡོད་པ་རེད། ༢༠༠༤ ལོར་སྤྲུལ་སྐུའི་ནང་མིས་ཁོང་སྨན་བཅོས་ཆེད་གློད་གྲོལ་དགོས་པའི་སྙན་ཞུ་རྒྱ་ནག་གཞུང་ལ་སྤྲད་ཀྱང་། ཡ་ལན་མ་བྱས་པ་མ་ཟད། ཡུན་རིང་ཐུག་འཕྲད་ཀྱང་བྱེད་བཅུག་མེད་པ་རེད།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ཆབ་སྲིད་བཙོན་པར་སྨན་བཅོས་དང་ཐུག་འཕྲད་བྱེད་མ་བཅུག་པ་དེ་རྒྱ་ནག་ཁོ་རང་ཚོའི་ཁྲིམས་ལུགས་དང་ཡང་འགལ་ཡོད་པ་རེད། དེ་སྔོན་བོད་ཀྱི་ཆབ་སྲིད་བཙོན་པ་སྨན་བཅོས་ཆེད་རྒྱལ་སྤྱིའི་གནོན་ཤུགས་འོག་གློད་གྲོལ་བཏང་བ་བྱུང་ཡོད་ལ། ད་ཐེངས་རིན་པོ་ཆེ་གློད་གྲོལ་དགོས་པའི་ལས་འགུལ་ནང་རྒྱལ་ཁབ་མང་པོའི་ནང་ཞུ་གཏུག་དང། རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད།

འདི་ལོའི་ལོ་མཇུག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་བཀག་འགོག་ཚོགས་ཆུང་གིས་རྒྱ་ནག་ནང་གི་མནར་བཅོད་སྐོར་ལ་ལྟ་ཞིབ་བྱེད་རྒྱུ་ཡིན་པ་དང་། བོད་ནང་གི་ཆབ་སྲིད་བཙོན་པ་ཚོར་རྒྱ་ནག་གཞུང་གིས་མནར་གཅོད་སྣ་ཚོགས་བཏང་སྟེ། ཁོང་ཚོའི་མཁལ་མ་དང་། མཆིན་པ་སོགས་ནང་ཁྲོལ་ན་ཚ་ཆགས་པ། ཡན་ལག་སྐྱོན་ཅན་དུ་འགྱུར་པ། གཅུང་ནད་ཆགས་པ། རིག་འཚོ་མ་ཟིན་པར་གྱུར་པ་སོགས་འབྱུང་གི་ཡོད་ལ། བཙོན་གྲོལ་བཏང་བའི་ནང་ནས་མང་པོ་ཞིག་སྨན་བཅོས་མ་ཐུབ་པར་འདས་གྲོངས་སུ་འགྲོ་ཡི་ཡོད་པ་རེད། དེར་བརྟེན་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས་སུ་རྒྱལ་སྤྱིའི་ཐོག་འབོད་སྐུལ་དང་། རྒྱ་ནག་ལ་ངོ་རྒོལ་བྱེད་དགོས་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༧༠ ཀློག་གྲངས།