སྤྲུལ་སྐུ་གློད་གྲོལ་ཆེད་སུད་སིའི་བོད་མིའི་ལས་འགུལ།

protest zurich 229ཟླ་འདིའི་ཚེས་༧ ཉིན་བོད་པ་གནས་སྡོད་བྱ་ཡུལ་གྱི་འཛམ་གླིང་གི་ཡུལ་གྲུ་མང་པོར་པཎ་ཆེན་ཆུང་སྲིད་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྣམ་གཉིས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་རྒྱ་གཞུང་གིས་ཆ་རྐྱེན་གང་མེད་པར་གློད་གྲོལ་གཏོང་དགོས་པའི་ལས་འགུལ་ཞིག་སྤེལ་བཞིན་པ་ལྟར། སུད་སིར་བོད་ཀྱི་མི་རབས་གསར་པའི་ཐུན་ཚོགས་ཀྱིས་ས་གནས་འཛུ་རིག་ཏུ་ཉིན་རྒྱབ་ གྲོང་ཁྱེར་དཀྱིལ་སྙིང་wardmühleplatzནས་རྒྱ་ནག་གཞུང་ཚབ་ཁང་བར་དུ་ངོ་རྒོལ་ཁྲོམ་སྐོར་ཞིག་གོ་སྒྲིག་བྱས་ཡོད་པ་རེད།

ངོ་རྒོལ་སྐད་འབོད་དེར་མཉམ་ཞུགས་བྱེད་མཁན་བོད་མི་བརྒྱ་ལྷག་ཅིག་གིས་ལག་ཏུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་པར་བཟུང་ནས། ཁོང་བཙོན་ཁང་ནས་ཆ་རྐྱེན་གང་ཡང་མེད་པར་མྱུར་ཏུ་གློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།

protest zurichརྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་དུ་སླེབས་མཚམས་སུ་ལས་འགུལ་ནང་མཉམ་ཞུགས་བྱེད་སྐད་འབོད་ཤུགས་ཆེན་བྱས་སོང་ལ། མི་ལོ་བཅུ་གསུམ་གྱིས་རྒྱ་ནག་གི་བཙོན་དུ་ཚུད་པའི་རིན་པོ་ཆེར་གདུང་སེམས་མཉམ་བསྐྱེད་དང་ཁོང་གི་བོད་མི་རིགས་ལས་དོན་ལ་བཞག་པའི་མཛད་རྗེས་ལ་རྗེས་སུ་ཡི་རངས་བྱེད་བཞིན་ངུ་འབོད་ཀྱང་བྱས་སོང་།

སུད་སིར་ཡོད་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཚ་བོས་ཚོར་ཤུགས་དྲག་པོས་མིག་ཆུ་དང་འབྲེལ་དེ་རིན་པོ་ཆེ་མཆོག་གི་ད་ལྟའི་སྐུའི་གནས་སྟངས་མི་མང་ལ་སྙན་སྒྲོགན་བྱས་པ་དང་། ཆབ་སྲིད་བཙན་ཟུར་མགོ་ལོག་འཇིགས་མེད་ཀྱི་རིན་པོ་ཆེའི་མཛད་རྗེས་རང་ཉིད་ཀྱི་བཙོན་ཁང་གི་མཐོང་ཐོས་མྱོང་གསུམ་དང་བསྒྲགས་ནས་མི་མང་ལ་གསལ་འདེབས་ཀྱི་ཚུལ་ཏུ་ཞུས་སོང་།

མཐར་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཞོན་གྱིས་མཇུག་སྡོམས་ཀྱི་གཏམ་བཤད་དང་བཅས་ལས་འགུལ་མཇུག་བསྡུས་ཡོད་པ་རེད།
ས་གནས་གསར་འགོད་པ་རྡོ་སྦིས་ཀླུ་རྒྱལ།

 

Share this:
༨༩ ཀློག་གྲངས།