གསང་སྔགས་རྡོ་རྗེ་ཐེག་པར་གསན་བསམ་སློབ་གཉེར།

ཟླ་འདིའི་ཚེས་༢༢ ཉིན་༧གོང་ས་མཆོག་གི་བླ་གཟའ་ལྷག་དཀར་དང་སྟབས་བསྟུན། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་གསང་ཆེན་རྡོ་རྗེ་ཐེག་པའི་རྩོད་གྲྭ་དངོས་སུ་གསར་འཛུགས་གནང་བའི་རྟེན་འབྲེལ་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

IMG_3849དེ་ཡང་དགའ་ལྡན་ཁྲི་རིན་པོ་ཆེ་དང་། ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན། བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་ཡེ་ཤེས་བཅས་ཀྱིས་དབུས་པའི་མཁན་ཟུར་རྣམ་པ་དང་། དབུ་ཆོས་གསུམ། བཀའ་རབ་འབྱམས་དགེ་བཤེས་གཉེན་རྣམས་གདན་འཛོམས་ཐོག སྔར་ཡོད་བསླབ་པ་སློབ་གཉེར་མི་ཉམས་གོང་འཕེལ་གྱི་སྒྲིག་གཞི་མང་པོར་བསྐྱར་ཞིབ་ཀྱིས་དུས་བསྟུན་འགྱུར་བ་གཏོང་དགོས་གང་ཡོད་ཐད་བགྲོ་གླེང་སྦྱངས་བཤད་ལས་རིམ་མང་པོ་འགྲོ་བཞིན་ཡོད་ནང་ནས། ༸གོང་ས་མཆོག་གི་ཞལ་སྔ་ནས་ལོ་མང་པོའི་སྔོན་ནས་བཀའ་གསལ་ཕེབས་དོན་ལྟར། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། ཡང་སྒོས་༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐལ་བཟང་གི་དུས་སྐབས་འདི་དང་སྟབས་བསྟུན་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང་བཀའ་དྲིན་རྗེས་དྲན་དུ་དམིགས་ཏེ། འདི་ལོ་ནས་བློ་གསལ་གླིང་གྲྭ་ཚང་ཁོངས་ནས་ཐོན་པའི་དགེ་བཤེས་རྣམས་ལ་དེང་དུས་དང་མཐུན་པའི་རྒྱུགས་སྤྲོད་ལམ་ནས། དུས་ཡུན་ལོ་གསུམ་རིང་གསང་སྔགས་རྡོ་རྗེ་ཐེག་པར་གསན་སྦྱོང་གནང་དགོས་པའི་ལམ་སྲོལ་གསར་འཛུགས་གནང་ཡོད་པར་བརྟེན། ཉིན་འདིར་བློ་གསལ་གླིང་གྲྭ་ཚང་གིས་ངོས་ནས་གསང་སྔགས་རྡོ་རྗེ་ཐེག་པར་གསན་བསམ་སློབ་གཉེར་གནང་གཏན་ཁེལ་ནས་མཛད་སྒོ་དང་འབྲེལ་སློབ་གཉེར་དངོས་སུ་དབུ་འཛུགས་གནང་ཡོད་པ་རེད་འདུག །

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།

Share this:
༣༦༤ ཀློག་གྲངས།