༧གོང་ས་མཆོག་ལ་རྒྱལ་སྤྱིའི་རང་དབང་གི་གཟེངས་རྟགས་ཕུལ་བ།

དེར་འགྲེམས་སྟོན་ཁང་གི་ངེས་སྟོན་པ་བྷན་ཇི་མན་ཧུག་སེ་ལགས་ཀྱིས་༧གོང་ས་མཆོག་གིས་ ཆབ་སྲིད་ཀྱི་གཉའ་གནོན་ལ་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་གདོང་ལེན་གནང་མཁན། མར་ཋིན་ལུ་ཐར་ཁིང་དང་། རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་རྣམ་གཉིས་ཀྱི་དཔེ་མཚོན་ཡག་པོ་ཞིག་ཡིན་སྐོར་ འགྲེལ་བརྗོད་གནང་བ་མ་ཟད། བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་པའི་སྐབས་འདིར་༧གོང་ས་མཆོག་གིས་འཐབ་ རྩོད་གནང་སྟངས་དེ། འཛམ་གླིང་ཡོངས་སུ་དྲང་བདེན་ཆེད་འཐབ་རྩོད་བྱེད་མཁན་རྣམས་ལ་སྐུལ་སློང་གནང་ མཁན་ལྟ་བུ་ཆགས་ཡོད་སྐོར་གསུངས་འདུག

༧གོང་ས་མཆོག་རང་དབང་འཐབ་རྩོད་པ་མར་ཋིན་ལུ་ཐར་ཁིང་སྐུ་བཀྲོངས་སའི་ཁང་པར་ཕེབས་ནས། ཐུགས་སྨོན་མཛད་པ་དང་། རྗེས་སུ་གསར་འགོད་པར་ཁོང་ཧ་ཅང་ཐུགས་སེམས་སྐྱོ་པོ་དང་སེམས་འགུལ་ཐེབས་པའི་སྐོར་བཀའ་ལན་གནང་ཡོད་པ་རེད། ཁོང་གིས་ད་དུང་རང་དབང་འཐབ་རྩོད་པ་མར་ཋིན་ལུ་ཐར་ཁིང་དེ་ཉིད་གྷན་དྷི་ལྟ་བུ་འཚེ་བའི་ཞི་བའི་ཐོག་ནས་དཀའ་རྙོག་སེལ་ཐབས་གནང་མཁན་ཞིག་རེད་ཅེས་དང་། འཛམ་གླིང་གི་རྩོད་རྙོག་མཐའ་དག་འཚེ་མེད་ཞི་བའི་ཐོག་ནས་སེལ་དགོས་ཀྱི་རེད་ཅེས་གསུངས་འདུག

འགྲེམས་སྟོན་ཁང་གིས་གཟེངས་རྟགས་དེ་དང་ལྷན་དུ་༧གོང་ས་མཆོག་ལ་ཨ་སྒོར་ཁྲི་ལྔ་ཕུལ་ཡོད་ཀྱང། ༧གོང་ས་མཆོག་གིས་མ་བཞེས་པར་འགྲེམས་སྟོན་དེ་རང་ལ་ཞལ་འདེབས་སུ་ཕུལ་ཡོད་པ་རེད། དེ་རྗེས་ས་གནས་མི་མང་ལ་འཆམ་མཐུན་དང་ཞི་བདེ་གོང་འཕེལ་གཏོང་ཕྱོགས་སྐོར་གསུང་བཤད་གནང་བ་དང་། དེར་མང་ཚོགས་ཀྱི་ནང་ནས་རྒྱ་ནག་དང་བཙན་བྱོལ་བོད་གཞུང་གཉིས་དབར་ག་དུས་འགྲིག་ མཐུན་ཡོང་མིན་དྲི་བ་འབུལ་མཁན་བྱུང་བ་དེར།

༧གོང་ས་མཆོག་གིས་རྒྱ་རིགས་དང་བོད་རིགས་སྤྱིར་འགྲོ་བ་མི་གཅིག་མཚུངས་ཡིན་པ་དང་། ང་ཚོས་རྒྱ་ནག་མི་མང་ལ་བཅོལ་བའི་ཡིད་ཆེས་དེ་ནམ་ཡང་བརླག་མེད། ང་ཚོས་བཟོད་བསྲན་ཆེ་ཙམ་དང་ཆོད་སེམས་བརྟན་པོ་དགོས་ཀྱི་འདུག  བོད་ནང་གི་བོད་མི་གཞོན་སྐྱེས་ཚོའི་ཁྲོད་བོད་མི་རིགས་ཀྱི་སེམས་ཤུགས་དེ་ད་ ལྟའང་སྲ་བརྟན་དུ་གནས་ཡོད། རྒྱ་ནག་གཞུང་ཐོག་ནས་འཕྲད་པའི་ང་ཚོའི་དཀའ་ངལ་གཙོ་བོ་དེ་མང་ཚོགས་ཁྲོད་གནས་ཚུལ་ནོར་བ་སྤེལ་བ་དང་། གསར་འགྱུར་བཀག་འགོག་བྱེད་ཀྱི་ཡོད་པ་དེ་རེད་ཅེས་བཀའ་གནང་ཡོད་པ་རེད།།

Share this:
༧༢ ཀློག་གྲངས།