གྲོས་ཚོགས་མཇུག་བསྡོམས་མ་ཐུབ་པའི་རྒྱུ་རྐྱེན།

གྲོས་ཆོད་ནང་དུ་རྗེས་སོར་རྒྱ་བལ་འབྲུག་གསུམ་གྱི་སྤྱི་འཐུས་ཕྱི་རྒྱལ་དུ་གནས་སྤོ་བྱས་རྗེས། གྲོས་ཚོགས་ལ་ཡོང་སྐབས་ལམ་གྲོན་གཞུང་གིས་གཏོང་མི་ཆོག་ཅེས་གསལ་ཡོད་ནའང། གསལ་བཤད་སྐབས་སྤྱི་འཐུས་རྒྱུན་ལས་ཀྱིས་དྲང་པོ་མ་བྱས་པ་གཙོ་འདོན་བྱས་ཡོད་པ་རེད། གལ་སྲིད་སྤྱི་འཐུས་རྒྱུན་ལས་ཀྱིས་དྲང་པོ་བྱས་མེད་ན་རྗེས་མ་ལམ་ཁ་དེ་འདྲ་འགོག་དགོས་པ་སྨོས་མེད་ཡིན་ཡང། དང་ཐོག་སྤྱི་འཐུས་རྒྱུན་ལས་ལ་དོགས་གཅོད་དང། དྲང་པོ་མ་བྱས་པའི་ཉེས་པ་ཆེ་ཆུང་ལ་དཔག་པའི་ཐག་གཅོད་གང་ཡང་མ་བྱས་པར། ཉེས་ཅན་གུ་ཡངས་སུ་བཏང་ནས། རྗེས་མ་ལམ་གྲོན་གཏོང་མི་ཆོག་སྐོར་བཤད་པ་དེས་གང་ཟག་སྒེར་ལ་དམིགས་ཡོད་པའི་དོགས་པ་ཡོང་གི་ཡོད་པ་རེད། གལ་སྲིད་སྔོན་མ་ཁྲིམས་སྒྲིག་གཞི་མེད་པ་ལ་བརྟེན་ནས། སྤྱི་འཐུས་རྒྱུན་ལས་ཀྱིས་ཐག་གཅོད་བྱས་པ་དེ་གནས་སྟངས་དང་མ་མཐུན་པ་ཙམ་ལས་དྲང་པོ་མ་བྱུང་བའི་དོན་རྐྱེན་མེད་ན། རྒྱུན་ལས་ཀྱིས་དྲང་པོ་མ་བྱས་པ་ལ་བརྟེན་ནས་གྲོས་ཆོད་བཏོན་པ་ཡིན་ཞེས་གསལ་བཤད་དགོས་དོན་མེད། མ་འོངས་པར་ལམ་ཁ་ཡག་པོ་ཞིག་བཟོ་རྒྱུ་རང་ལ་དམིགས་པ་ཡིན་ན། སྤྱི་འཐུས་སྒེར་གྱི་གྲོས་འཆར་འདོན་པ་ལས། དོན་གནད་དེའི་ཐོག་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་ནས། དོན་དག་དེ་རང་ལ་འགྲེལ་བཤད་བརྒྱབ་ན་སྒྲིག་གཞི་བསྐྱར་བཅོས་གྲོས་འཆར་ལས་ནུས་པ་ཆེ་བར་བརྟེན། ཁ་འཐོར་དུ་དེ་ཙམ་འགྲོ་དགོས་དོན་མེད། ཡིན་ནའང། སྤྱི་འཐུས་སྒེར་གྱི་གྲོས་འཆར་བཏོན་པ་དང། གྲོས་འཆར་གྱི་ནང་དོན་ལ་འགྲེལ་བཤད་གསལ་པོ་མ་བྱས་པར། སྐྱོན་འཛུགས་དང། དཔུང་ངོམ་ལྟ་བུའི་ས་ཡིག་བསྡུ་རུབ་བྱས་པ་ནི་གནད་ཐོག་ཏུ་ཁེལ་བ་ཞིག་རེད་མི་འདུག
གཉིས་པ། ཁྲིམས་སྒྲིག་གཞིའི་ཐོག་གསལ་པོ་མེད་པ་ཁག་ཅིག་དང། གཅིག་གིས་གཅིག་ལ་ཡིད་ཆེས་བློ་གཏད་མེད་པའི་སྐྱོན

༡ གྲོས་འཆར་གྱི་མཇུག་ཏུ་ས་ཡིག་བཅུ་བཞི་ཡོད་པ་དཔུང་བསྒྲིགས་ནས་ཡོང་བ་ཡིན་སྐོར་ལ་ངོ་རྒོལ་བྱེད་སྐབས། སྒྲིག་གཞིའི་ནང་དུ་གྲོས་ཆོད་ཀྱི་མཇུག་ཏུ་ནམ་རྒྱུན་གྲོས་འཆར་འདོན་མཁན་དང། རྒྱབ་སྐྱོར་བྱེད་མཁན་གཅིག་གི་ས་ཡིག་དགོས་ཀྱི་ཡོད་ནའང། ས་ཡིག་དེ་ལས་མང་བ་འགོད་ཆོག་མིན་གསལ་ཁ་གང་ཡང་མེད་པས། ཕན་ཚུན་བཤད་རེས་བྱེད་པ་ལས་སྒྲིག་གཞིའི་ཐོག་ནས་ཐག་གཅོད་གང་ཡང་བྱེད་ཐུབ་མེད་པ་རེད། གྲོས་འཆར་དེར་རྒྱབ་སྐྱོར་བྱེད་མཁན་བཅུ་གསུམ་གྱིས་ས་ཡིག་བརྒྱབ་ཡོད་པ་དེ་ཐོག་མ་ནས་དཔུང་བསྒྲིགས་བྱས་ཡོད་པ། ངོ་རྒོལ་བྱེད་མཁན་ཚོར་མཐོང་སྣང་བྱུང་བ་དང། གྲོས་འཆར་འདོན་མཁན་སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་ཀྱིས་སོ་སོའི་བློ་མཐུན་ས་ཚོར་གོ་བསྡུར་བྱས་པ་ལས། གཞན་ཚང་མར་བཅར་རྒྱུ་མ་བྱུང་ལ། ནམ་རྒྱུན་དེ་འདྲར་དགའ་པོ་ཡང་མེད་ཅེས་བརྗོད་པར་བརྟེན། གྲོས་འཆར་ལ་ངོ་རྒོལ་བྱེད་མཁན་ཚོར་དཔུང་སྒྲིག་གི་ཡོད་པའི་དོགས་པ་རྣམ་རྟོག་ཆེ་རུ་སོང་ཡོད་པ་རེད། སྤྱིར་བཏང་གྲོས་འཆར་འདོན་སྐབས་དང་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་ག་ཚོད་ཡོད་མེད་ལ་ལྟ་ཞིབ་བྱས་ན་མ་འགྲིག་པ་མེད་མོད། ཚང་མས་ས་ཡིག་མཉམ་དུ་རྒྱག་དགོས་དོན་མེད་ལ། སྤྱི་འཐུས་དབྱེ་བ་མེད་པར་སུ་ལ་ཐུག་ཀྱང་རྒྱབ་སྐྱོར་བྱེད་ཐུབ་མིན་ཚོད་ལྟ་བྱས་མེད་པར། སོ་སོའི་བློ་མཐུན་ས་ཚོར་གོ་བསྡུར་བྱེད་རྒྱུ་བྱུང་ཞེས་བརྗོད་སྐབས། དེ་སྒེར་དོན་མ་ཡིན་པའི་ གཞུང་དོན་གྲོས་ཆོད་ཐོག་བློ་མཐུན་ས་ཚོར་ལོགས་སུ་འབྲེལ་བ་བྱུང་བ་དེས་རྣམ་རྒྱུན་གྲོས་ཚོགས་ནང་ཤོག་ཁག་ཡོད་པའང་གསལ་པོ་རེད་སྙམ། ཡང་གྲོས་འཆར་འདོན་མཁན་ལ་ལྷག་བསམ་ཡོད་ཅེས་བརྗོད་མཁན་སྤྱི་འཐུས་གཅིག་གིས་གྲོས་འཆར་དེ་བཏོན་ན། དེ་སྔོན་ཡང་སྤྱི་འཐུས་རྒྱུན་ལས་ནང་དྲང་པོ་མ་བྱུང་བ་ཡོད་ནའང། དེ་ཚོ་གཅིག་ལ་སྐྱོན་འཛུགས་མ་བྱས་པར། གྲོས་འཆར་འདིས་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་འགོག་ཐུབ་ནའང། དེ་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་ནང་རྡབ་གསིག་འགྲོ་རྒྱུའི་ཉེན་ཁ་འདུག་ཅེས་བརྗོད་པ་དེས། བཙན་བྱོལ་བོད་མིའི་མང་ཚོགས་སྤྱིའི་ཆ་ནས་ཤོག་ཁག་གི་ཉེན་ཁ་དེ་ཙམ་མེད་ནའང། གྲོས་ཚོགས་ནང་ཤོག་ཁག་ཡོད་པ་ཡང་གསལ་པོ་ལྟ་བུ་རེད་འདུག
༢ བཅའ་ཁྲིམས་ཀྱི་ནང་དུ་ཨ་རི་དང། ཁེ་ན་ཌ། ཡུ་རོབ་བཅས་ཀྱི་སྤྱི་འཐུས་ཟུར་བཅད་བྱས་ཡོད་པ་ལས། དེ་མིན་བོད་ཀྱི་ས་ཁུལ་ཆོལ་ཁ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ་ཞེས་གསལ་ཡོད་པ་ལས། ཆོལ་ཁོངས་ཀྱི་སྤྱི་འཐུས་གནས་སྡོད་བྱེད་ས། འོས་འདེམས་བྱེད་སའི་ས་ཁོངས་ཁ་གསལ་མེད་པ། དེ་སྔོན་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཕྱི་རྒྱལ་ཁག་ཏུ་གནས་སྤོ་བྱས་པ་དང། དེ་བཞིན་རྒྱ་གར་ནང་ཕན་ཚུན་གནས་སྤོ་བྱས་ན་ལམ་གྲོན་གཏོང་ཕྱོགས་ལ་འགྱུར་བ་འགྲོ་དགོས་མིན་ཁྲིམས་དང་སྒྲིག་གཞི་མེད་པས། སྤྱི་འཐུས་རྒྱུན་ལས་ཀྱིས་ཐག་གཅོད་བྱས་ཏེ། ཁ་ཤས་ལ་ལམ་གྲོན་རག་པ་དང། ཁ་ཤས་ལ་མ་རག་པ་བྱུང་ཡོད་པ་དང། སྐབས་འདིར་མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལ་ལམ་གྲོན་བཏང་བ་དང་དུས་མཉམ་དུ་རྗེས་མ་ལམ་གྲོན་དེའི་རིགས་གཏོང་མི་ཆོག་པའི་གྲོས་འཆར་བཏོན་པ་ལ། གང་ཟག་སྒེར་ལ་དམིགས་ཡོད་པ་ཞིག་ཡིན་པས། གྲོས་འཆར་འདོན་སྟངས་སྒྲིག་མཐུན་བྱུང་མི་འདུག་ཅེས་ངོ་རྒོལ་བྱས་ཡོད་པ་རེད། དེ་སྔོན་ནས་དོན་རྐྱེན་དེའི་རིགས་བྱུང་ཡོད་ནའང། དེའི་སྐབས་གྲོས་འཆར་མ་བཏོན་པར་བརྟེན། མི་སྒེར་དེ་ཡང་ཕྱོགས་ཁག་གཅིག་གི་མི་ཡིན་པ་ལྟ་བུས་ཕན་ཚུན་གུ་ཡངས་དང། ཡིད་ཆེས་མེད་པས་ཐག་གཅོད་བྱེད་མ་ཐུབ་པ་རེད།
༣ རྗེས་སུ་ངོ་རྒོལ་བྱེད་མཁན་ཚོ་གྲོས་ཚོགས་ལ་མ་བཅར་བར་བརྟེན། ཚོགས་འདུའི་གྲུབ་ཆ་མ་ལོངས་ན་གྲོས་ཚོགས་འཚོག་ཆོག་གི་མེད་པའི་ཁྲིམས་ཡོད་པ་ལས། བསྐྱར་དུ་ག་འདྲ་འཚོག་དགོས་མིན་ཁྲིམས་དང་སྒྲིག་གཞི་གསལ་ཁ་མེད་པ། གྲོས་འཆར་འདོན་མཁན་ཚོར་གུ་ཡངས་བྱས་ཏེ། གྲོས་འཆར་གནས་སྐབས་ཕྱིར་འཐེན་བྱེད་རོགས་ཞེས་འབོད་སྐུལ་བྱེད་མཁན་ཁག་ཅིག་བྱུང་ཡོད་ནའང། སྤྱི་འཐུས་རྒྱུན་ལས་ཀྱི་དྲང་པོ་མ་བྱས་པ་ཡིན་པས། ཕྱིར་འཐེན་བྱེད་ཐབས་མེད་སྐོར་བརྗོད་ཡོད་པ་རེད། གྲོས་འཆར་གྱི་ནང་དོན་རང་སོར་བཞག་ནས་འཆར་ཅན་གྱི་གྲོས་འཆར་འདོན་སྟངས་ལྟར་རྒྱབ་སྐྱོར་བྱེད་མཁན་གཅིག་གི་ས་ཡིག་ཡོད་པ་ཞིག་བསྐྱར་དུ་ཁྱེར་ཡོང་ན། གྲོས་ཚོགས་མུ་མཐུད་འཚོག་ཐུབ་པ་མ་ཟད། གྲོས་འཆར་ཡང་གཏན་འབེབས་བྱེད་ཐུབ་རྒྱུའི་རེ་བ་ཡོད་ནའང། ཨུ་ཚུགས་མཐའ་སྐྱེལ་བྱེད་པ་ལས་ཕན་ཚུན་གུ་ཡངས་བྱེད་མ་ཐུབ་པ་རེད། དེ་བཞིན་ངོ་རྒོལ་བྱེད་མཁན་གྱི་ངོས་ནས་ཀྱང་གྲོས་འཆར་དེར་ངོ་རྒོལ་བཞེངས་བཤད་ཆ་ཚང་བྱས་རྗེས་ཚོགས་ཐོག་ཏུ་མ་བཅར་བའི་ངོ་རྒོལ་དེ་མ་བྱས་ན། གྲོས་འཆར་ལ་མོས་མཐུན་བྱེད་ཐུབ་མིན་ལ་མ་ལྟོས་པར། མང་མོས་ཀྱིས་གཏན་འབེབས་བྱས་ཏེ། སོ་སོས་ངོ་རྒོལ་བྱས་པ་ལ་ནུས་པ་མ་ཐོན་ཡང་གྲོས་ཚོགས་མུ་མཐུད་འཚོག་ཐུབ་ཀྱི་ཡོད་ནའང། ཕྱོགས་གཉིས་ཀྱིས་གུ་ཡངས་དང་མཐའ་མཇུག་ལ་བསམ་གཞིག་བྱེད་མ་ཐུབ་པའི་རྐྱེན་གྱིས་གྲོས་ཚོགས་མཇུག་བསྡོམས་ཡང་རྒྱག་མ་ཐུབ་པ་རེད།
གསུམ་པ། གྲོས་ཚོགས་ནང་ཤོག་ཁག་ཡོད་པའི་མཚོན་རྟགས།

གཙོ་བོ་ཤོག་ཁག་གཉིས་སུ་གྱེས་ཡོད་པ་ལྟ་བུ་རེད། ནམ་རྒྱུན་དོན་གནད་གཅིག་གི་ཐོག་བསམ་ཚུལ་མ་མཐུན་པ་བྱུང་སྐབས། ཕྱོགས་གཉིས་ཀའི་མི་ལ་འགྱུར་བ་ཆེན་པོ་འགྲོ་ཡི་མེད། ཤོག་ཁག་འབྱུང་སྟངས་དེ་ཡང་ཆོལ་ཁ་དང་ཆོས་བརྒྱུད་གཙོ་བོ་མིན་ལ། ཆབ་སྲིད་ཀྱི་ལྟ་གྲུབ་ཡང་དག་པ་ཞིག་གི་འོག་ནས་བྱུང་བ་དེ་བས་མིན། ད་ཐེངས་གྲོས་ཆོད་ལ་རྒྱབ་སྐྱོར་བྱེད་མཁན་ཡང་དབུས་གཙང་སྤྱི་འཐུས་མང་ཆེ་བ་དང། མདོ་སྨད་སྤྱི་འཐུས་མང་ཆེ་བ། མདོ་སྟོད་སྤྱི་འཐུས་གཅིག་གཉིས་ཙམ། ཆོས་བརྒྱུད་ཀྱི་སྤྱི་འཐུས་གཉིས་བྱུང་ཡོད་ལ། གྲོས་ཚོགས་ལ་མ་བཅར་བའི་ངོ་རྒོལ་བྱེད་མཁན་མདོ་སྟོད་སྤྱི་འཐུས་མང་ཆེ་བ་དང། ཆོས་བརྒྱུད་སྤྱི་འཐུས་མང་ཆེ་བ། དབུས་གཙང་སྤྱི་འཐུས་གཅིག་བཅས་ཆགས་ཡོད་པ་རེད། ངོ་རྒོལ་དེ་འདྲ་བྱེད་དགོས་དོན་ནི་གྲོས་འཆར་དེར་མོས་མཐུན་མེད་མཁན་ཚོ་གྲོས་ཚོགས་ནང་མུ་མཐུད་ནས་བསྡད་ན། གྲོས་ཆོད་ལ་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་ཀྱི་ཡོད་པ་མངོན་གསལ་ཆགས་པས། མང་སྣ་ཉུང་གིས་རྟེན་ཐབས་མེད་པ་གསལ་པོ་བྱུང་སྐབས། འུ་ཐུག་སྟེ། ཚོགས་འདུ་ལ་མ་བཅར་བར་གྲོས་ཆོད་གཏན་འབེབས་བྱེད་ཐབས་མེད་པ་བཟོས་པ་རེད། གྲོས་འཆར་འདོན་སྟངས་ལ་ངོ་རྒོལ་བྱེད་མཁན་ཡང་གཅིག་གཉིས་ཤིག་བྱུང་ཡང། ཚོགས་འདུ་ལ་མ་བཅར་བ་བྱས་མེད་ལ། ངོ་རྒོལ་དང་རྒྱབ་སྐྱོར་གཉིས་ཀྱི་ནང་ཆ་ཤས་མི་ལེན་མཁན་ཡང་གཅིག་གཉིས་རེ་ཡོད་སྲིད་པ་རེད། སྤྱིར་བཏང་མང་གཙོའི་སྤྱི་ཚོགས་ནང་ཤོག་ཁག་བྱེད་ཆོག་ལ། ཡོད་དགོས་ངེས་ཤིག་ཀྱང་ཡིན་མོད། བོད་མིའི་གྲོས་ཚོགས་ཀྱི་ཤོག་ཁག་དེ་ཆབ་སྲིད་ཚོགས་པའི་འོག་ནས་བྱུང་བ་དང། ཆབ་སྲིད་ལྟ་གྲུབ་ཀྱི་འོག་ནས་བྱུང་བ་ཞིག་མ་རེད། དེ་བས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཤོག་ཁག་ཆེན་པོ་ཆགས་ན། མང་གཙོ་ཡིན་ཡང་སྤྱི་ཚོགས་ཆུང་ཆུང་ཞིག་ལས་མེད་པས་ཉེན་ཁ་ཡང་ཡོད་ངེས་པ་རེད།
བཞི་པ། ནམ་རྒྱུན་སྐད་ཆ་མི་བཤད་མཁན་ཚོ་སྐད་གསེང་མཐོན་པོ་ཆགས་པ།

ནམ་རྒྱུན་གྲོས་ཚོགས་ནང་དུ་གལ་གནད་ཆེ་བའི་བོད་མིའི་ཆབ་སྲིད་ཀྱི་གནས་བབས་དང། བཙན་བྱོལ་བོད་མིའི་གནས་སྟངས་ཡར་རྒྱས་གཏོང་ཕྱོགས་སོགས་ལ་གྲོས་འཆར་འདོན་པ་དང། བསམ་ཚུལ་ཧ་ཅང་ཉུང་ཉུང་ལས་གསུང་མི་ཐུབ་མཁན་ཚོས་ཀྱང་ནང་ཁུལ་ཕྱོགས་འཐེན་སྐབས་སྐད་གསེང་མཐོན་པོའི་ཐོག་བཤད་རེས་བྱེད་ཀྱི་ཡོད་པ་རེད། གྲོས་ཆོད་འདོན་མཁན་རང་ངོས་ནས་ཀྱང་ནམ་རྒྱུན་སྐད་ཆ་ཉུང་ཤོས་ཡིན་ཞེས་བརྗོད་ཡོད་པ་རེད། ཡིན་ནའང་ཁ་སང་དོན་གནད་གཅིག་གི་ཐོག་ནང་ཁུལ་ཕྱོགས་གཉིས་སུ་གྱེས་པའི་སྐབས། ནམ་རྒྱུན་སྐད་ཆ་མང་པོ་མེད་མཁན་ཚོ་ཡང་སྐད་གསེང་མཐོ་རུ་སོང་ནས་བཤད་པ་ལས་གུ་ཡངས་དང། བློས་གཏོང་བྱེད་མ་ཐུབ་པ་དེས་ནང་ཁུལ་གྱི་ཤོག་ཁག་བར་འགྲན་རྩོད་ཆེན་པོ་ཡོད་པ་གསལ་པོ་རེད་སྙམ། དེ་མིན་ནང་ཁུལ་བསམ་ཚུལ་མ་མཐུན་པ་ཆེན་པོ་བྱུང་སྐབས། ཕྱོགས་གཉིས་ནས་གུ་ཡངས་བྱས་ཏེ། ཐག་གཅོད་ཡོང་ཐབས་བྱེད་དགོས་ཀྱང་གཅིག་གིས་གཅིག་ལ་ཞེད་སྣང་མེད་སྐོར་བཤད་པ་ལས། འཆམ་མཐུན་གྱི་ཕྱོགས་སུ་བསྐྱོད་ཐབས་བྱས་མེད་པ་རེད།
ལྔ་པ། ཚོགས་གཙོ་དང་ལས་རིམ་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས།

༡ དང་ཐོག་གྲོས་འཆར་དེ་ལས་རིམ་ཚོགས་ཆུང་ནང་དུ་སླེབས་དུས་ནས་གྲོས་ཚོགས་ནང་འཁྱེར་དགོས་མིན་ལ་རྩོད་གླེང་བྱུང་ཡོད་ཚུལ་འདུག ཡིན་ནའང་མཐའ་མ་དེར་གྲོས་ཚོགས་ནང་སླེབས་ནས་བཤད་རེས་བྱེད་སྐབས། གྲོས་འཆར་ཕྱིར་འཐེན་བྱེད་རོགས་ཟེར་ནས་འབོད་སྐུལ་བྱེད་མཁན་སྤྱི་འཐུས་རྒན་པ་བཞི་ཙམ་བྱུང་ཡོད་མོད། ཚོགས་གཙོ་མཆོག་གིས་ལས་རིམ་མུ་མཐུད་བཏང་བ་ལས་གྲོས་འཆར་འདོན་མཁན་ལ་མོས་མཐུན་ཡོད་མེད་ལ་མ་ལྟོས་པར། ཕྱིར་འཐེན་བྱེད་ཀྱི་ཡིན་མིན་སྐད་ཆ་ཙམ་དྲིས་ན་འགྲིག་གི་རེད་མོད། དྲིས་ཡོད་པ་མ་རེད། ཐ་མ་སྤྱི་འཐུས་མང་པོ་ཕྱི་ལ་ཐོན་སྐབས། སྤྱི་འཐུས་གཅིག་གིས་“གལ་སྲིད་ལས་རིམ་ལ་བསྒྱུར་བཅོས་གཏོང་ཐབས་མེད་ན། དོན་དག་འདིའི་ཐོག་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མི་འདུག ང་ཡང་ཕྱི་ལོག་ལ་འགྲོ་དགོས་ཐུག་ས་རེད། དེ་འདྲ་བྱུང་ན་ཚོགས་འདུའི་གྲུབ་ཆ་མ་ལོངས་པ་ཆགས་ས་རེད། ལས་རིམ་བསྒྱུར་བཅོས་གཏོང་རོགས་”ཞེས་འབོད་སྐུལ་བྱས་ཡོད་ནའང། ཚོགས་གཙོ་མཆོག་གིས་“མི་གཅིག་ཕྱི་ལ་སོང་ཡང་ཚོགས་འདུའི་གྲུབ་ཆ་ཚང་གི་འདུག དེའི་རྗེས་ནས་གཅིག་སོང་ན་ཚོགས་མཚམས་འཇོག་དགོས་པ་རེད་”ཅེས་སྣང་མེད་ལྟ་བུ་བཏང་བ་ལས། ལས་རིམ་བསྒྱུར་བཅོས་གཏོང་ཐབས་ཡོད་མེད་ལ་གསལ་བཤད་ཙམ་ཡང་གནང་མེད་པ་རེད། དེ་མ་ཐག་སྤྱི་འཐུས་གསུམ་ཕྱི་ལ་སོང་བར་བརྟེན། ཚོགས་མཚམས་འཇོག་དགོས་བྱུང་བ་རེད།
༢ ཚོགས་གཙོ་དང་ལས་རིམ་ཚོགས་ཆུང་གིས་ཕྱི་ཉིན་གྱི་ལས་རིམ་ནང་དུ་ལས་རིམ་ལྷག་བསྡད་ཡོད་པ་རྣམས་སྔོན་དུ་བཏོན་ཡོད་ན། ལས་རིམ་མང་པོ་ལྷག་དགོས་དོན་མེད་མོད། རྙོག་གླེང་ཅན་གྱི་གྲོས་འཆར་དེ་ཨང་དང་པོར་བཞག་ཡོད་པར་བརྟེན། ངོ་རྒོལ་བྱེད་མཁན་རྣམས་ཚོགས་འདུར་བཅར་མེད་པ་རེད།
༣ ཚོགས་འདུ་མཇུག་བསྡོམས་རྒྱག་མ་ཐུབ་པའི་གསལ་བསྒྲགས་བྱེད་དགོས་དོན་མེད་པར། ཉིན་བདུན་ལས་མ་བརྒལ་བར་ཚོགས་གཙོས་དབང་ཚད་ཐོག་ནས་ཚོགས་འདུ་ཕར་འགྱངས་བྱེད་ཆོག་པས། ཕྱི་ཚེས་༢༡ ཉིན་བསྐྱར་དུ་འཚོག་ཐབས་བྱེད་དགོས་པ་ལས། ཚོགས་འདུ་མཇུག་བསྡོམས་ཙམ་ཡང་རྒྱག་མ་ཐུབ་པ་དེ་གནད་འགག་ཆེན་པོ་མེད་པ་ལྟ་བུའི་གསལ་བསྒྲགས་གནང་བ་དེ་ཡང་གནས་བབས་དང་འཚམས་པ་ཞིག་གཏན་ནས་བྱུང་མི་འདུག
དྲུག་པ། ངའི་མཐོང་སྣང་གིས་མཇུག་བསྡུ་བ།

དེ་རིང་གི་གནད་དོན་འདིས་ཤོག་ཁག་གི་ཞེན་ཁོག་ཆེ་རུ་བཏང་སོང་ལ། ཕྱོགས་གཉིས་ནས་ནང་ཁུལ་དུ་གུ་ཡངས་བསམ་ཤེས་བྱེད་ཐུབ་ཀྱི་མེད་པ་མ་ཟད། རྒྱལ་ཕམ་གྱི་བསམ་བློ་ཡང་ཆེན་པོ་འདུག གྲོས་ཚོགས་འཐུས་མིའི་ནང་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ས་ཡིག་བསྡུ་རུབ་བྱས་ཏེ། དཀའ་ལས་རྒྱག་མཁན་དང། དྲང་པོ་མ་བྱས་པ་ལ་མངོན་སུམ་འཛེམས་མེད་ཀྱིས་ཐེར་འདོན་བྱེད་མཁན་དཀོན་ལ། གཅིག་རྒྱབ་གཉིས་ལངས་ཀྱིས་ཕྱི་ལ་ཐོན་ཏེ་མདུན་མཆོང་བྱེད་པ་དང། ངོ་རྒོལ་བྱེད་མཁན་ཡང་ཤིན་ཏུ་དཀོན་པོ་རེད། འོན་ཀྱང་གནད་དོན་ཆུང་ཆུང་དེའི་ཐོག་ནང་ཁུལ་མ་མཐུན་པ་བྱུང་སྐབས། ཕྱོགས་གཉིས་ཀ་གཅིག་ལས་གཅིག་མཁྲེགས་པ་འདུག་ལ། སྐྱོན་འདོན་བྱེད་སྐབས་འཛེམས་ཟོན་མེད་པ་མ་ཟད། ཕན་ཚུན་འབྲེལ་གཏུགས་བྱེད་སྟངས་སོགས་ལ་ཧུར་བརྩོན་ཡང་ཆེན་པོ་རེད་འདུག ཡ་མཚན་པ་ཞིག་ལ་ཚོགས་གཙོ་མཆོག་གིས་གཙོས་ཕྱོགས་སུ་མ་ལྷུང་བའི་བར་འདུམ་ལྟ་བུས་ཚོགས་འདུ་མུ་མཐུད་འཚོག་ཐབས་ལ་ནུས་པ་འདོན་དགོས་ངེས་ཀྱང་འདོན་མཁན་མི་འདུག ཕྱོགས་གཉིས་ཀྱིས་ཚོགས་འདུ་འཚོགས་ཐུབ་པ་དང། ནང་ཁུལ་དུ་འཆམ་མཐུན་གྱི་ལས་དོན་བྱེད་རྒྱུ་གཙོ་འདོན་མ་བྱས་པར། སུའི་ཤོག་ཁག་ཏུ་སུ་ཡོད་པ་མངོན་གསལ་ཡོང་ཐབས་བྱས་ཡོད་ལ། དེ་ཡང་བརྙན་འཕྲིན་བརྒྱུད་ལམ་ནས་ཆོལ་ཁོངས་ཀྱི་ཆེད་དུ་ཞེན་ཁོག་སུ་ལ་ཡོད་མེད་མི་མང་གིས་མདུན་དུ་གསལ་པོ་མཐོང་ཐབས་བྱས་ཡོད་པ་རེད། དེ་མིན་ན་སྤྱི་འཐུས་ལྷན་ཚོགས་ནང་མོལ་ཚོགས་འདུ་ཡང་ཚོགས་དུས་འདི་གཅིག་པུའི་རིང་ཐེངས་གསུམ་ལ་འཚོགས་ཡོད་འདུག་ནའང། དེའི་རིགས་གླེང་སློང་ཙམ་ཡང་བྱས་མེད་པ་ཁ་སང་གི་གནས་སྟངས་ནས་གསལ་པོ་ཆགས་པ་རེད། འདི་ནི་སྤྱི་འཐུས་གཅིག་གི་ལམ་གྲོན་གཙོ་བོར་དམིགས་པ་ཞིག་མིན་ལ། འདི་ལྟར་གཅིག་རྒྱབ་གཉིས་ལངས་ཀྱིས་ཛ་དྲག་ཆེན་པོ་བཟོ་དགོས་པ་ཞིག་དེ་བས་མིན་མོད། མི་མང་མདུན་དུ་ཆོལ་ཁོངས་གཅིག་གིས་གཅིག་ལ་ཁ་གཏད་ཆེན་པོ་བཅག་ན། སྐབས་བཅོ་ལྔ་པའི་འོས་ཤོག་དེ་མང་དུ་འགྲོ་རྒྱུར་རེ་བ་རྒྱག་གི་མེད་པའི་ངེས་པ་ཡང་མེད་པས། རྒྱ་ཆེའི་མི་མང་གིས་ཕྱོགས་གཉིས་སུ་མ་ལྷུང་བར་དོན་དག་དེ་ཆེན་པོ་ཡིན་མིན་དང། སུས་དྲང་པོ་བྱས་ཡོད་མེད། ཀུན་སློང་གཙང་མའི་ཐོག་ནས་ལས་ཀ་བྱས་པ་ཞིག་ཡིན་མིན་སོགས་ལ་ཞིབ་འཇུག་ནན་མོ་བྱས་ནས། སྐབས་བཅོ་ལྔ་པའི་འོས་བསྡུ་གྲ་སྒྲིག་བྱེད་དགོས་པའི་སྔོན་བརྡ་ཞིག་ཀྱང་ཡིན་པས། ཆབ་སྲིད་འཁྲབ་སྟོན་པའི་རྗེས་སུ་མ་སོང་བ་དང། ཆོལ་ཁོངས་དང་ནང་ཁུལ་ཤོག་ཁག་གི་ཆེད་དུ་སུས་ལས་དོན་གཙོ་བོ་བྱེད་ཐུབ་མིན་ལ་མི་ལྟ་བར། ཆོལ་གསུམ་བོད་མི་སྤྱིའི་ཆེད་དུ་ནུས་པ་ཐོན་མིན་ལ་མ་ལྟོས་པར་འབད་བརྩོན་བྱེད་མཁན་གང་དུ་ཡོད་པ་འཚོལ་བའི་དུས་ལ་སླེབས་སོང།།

Share this:
༡༢༧ ཀློག་གྲངས།