མི་རིགས་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་རེད།

དེའི་སྐོར་རིག་འཛིན་ཀརྨ་ལ་བཅར་འདྲི་བྱས་པར་ཁོང་གིས་བརྗོད་པར། ན་ནིང་ཕྱི་ཟླ་༣ ཚེས་༢༤ ལ་ང་ཚོས་ངོ་རྒོལ་ཐེངས་གཉིས་བྱས་པ་རེད། ཐེངས་དང་པོ་དེ་ཉིན་གུང་ཆུ་ཚོད་བཞི་པ་ཡས་མས་ལ་བཙུན་དགོན་ཞིག་ཡོད་པ་དེས་ངོ་རྒོལ་བྱས་པ་རེད། ཐེངས་གཉིས་པ་དེ་ཆུ་ཚོད་ལྔ་པ་ཡས་མས་ཙམ་ལ་ལྕོག་རི་དགོན་པས་གཙོས་སེར་སྐྱ་མི་མང་གིས་ངོ་རྒོལ་བྱས་པ་རེད། ངོ་རྒོལ་བྱེད་སྟངས་དེ་ཞི་བའི་ཐོག་ནས་ྋསྐྱབས་མགོན་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། སྨྲ་བརྗོད་རང་དབང་དགོས། རྒྱ་མི་གུང་ཁྲན་དམར་པོའི་གཞུང་བོད་ནས་མཐར་བསྐྲོད་དགོས། བོད་ས་བོད་མིས་བདག་པོ་རྒྱག་དགོས། པཎ་ཆེན་རིན་པོ་ཆེས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་ཞེས་པ་སོགས་སྐད་འབོད་བྱས་པ་དེར། རྒྱ་གཞུང་གིས་མེ་མདའ་སོགས་དྲག་པོའི་མཚོན་ཆ་འབའ་ཞིག་བཀོལ་ནས་མི་བསད་པ་རེད། རྨས་པ་མང་པོ་བྱུང་ཡོད་རེད། ངས་དངོས་སུ་མཐོང་བ་ལྕོག་རི་དགོན་པའི་གྲྭ་ཀུན་དགའ་དེའི་ཉིན་མོ་རྒྱ་མིས་མེ་མདའ་བརྒྱབ་ནས་བསད་པ་རེད། ཚེ་དབང་དོན་གྲུབ་ལ་མེ་མདའ་བརྒྱབ་ནས་ཤི་ལ་ཁད་བཟོས་པ་རེད། དངོས་སུ་མིག་གིས་མ་མཐོང་བ་ད་དུང་མི་བཞི་ལྔ་ཙམ་ལ་མེ་མདའ་བརྒྱབ་ནས་རྨས་འདུག་ཟེར་བ་གོ་བྱུང་ཞེས་བརྗོད་སོང།
འཛིན་བཟུང་བཀའ་རྒྱ་བཀྲམ་པའི་སྐོར་ཁོང་གིས་བརྗོད་པར། འཛིན་བཟུང་བཀའ་རྒྱ་བཀྲམ་པའི་ནང་དུ་ང་དང་གཞན་ལྕོག་རི་དགོན་པའི་གྲྭ་པ་གསུམ། བཙུན་མ་གཅིག་བཅས་ཁྱོན་མི་ལྔ་ཡོད་པ་རེད། བཀའ་རྒྱ་གཏོང་སྟངས་དེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འཛིན་བཟུང་བཀའ་རྒྱ་ཨང་དང་པོ་ཞེས་པའི་ནང་དུ་ང་ཚོ་མི་རིགས་ཁ་བྲལ་གཏོང་མཁན་དང། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བརླག་ཚབས་ཆེན་གཏོང་མཁན་ཞེས་པ་སོགས་ཉེས་མིང་འདྲ་མིན་བཀལ་ནས། གལ་སྲིད་ང་ཚོ་མཐོང་མཁན་དང་རྩིས་སྤྲོད་མཁན་བྱུང་ན་རྒྱ་སྒོར་ཁྲི་མང་པོའི་བྱ་དགའ་ཡོད་ཅེས་བཀོད་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་བྱུང།
བྲག་མགོ་རྫོང་དུ་ས་ཞིང་མ་བཏབ་པའི་ལས་འགུལ་སྤེལ་བའི་སྐོར་ཁོང་གིས་བརྗོད་པར། ན་ནིང་ཕྱི་ཟླ་༣ ཚེས་༡༠ ནས་བཟུང་བོད་མདོ་དབུས་ཁམས་གསུམ་ལ་ཞི་རྒོལ་བྱས་པ་ནས་བཟུང་རྒྱ་མི་དམར་པོས་བོད་ལ་དྲག་གནོན་ཚད་མེད་བྱས་ནས་བསད་གཅོག་རྡུང་གསུམ་བྱས་པ་རེད། ཞིང་པ་རྣམས་ཟ་རྒྱུ་ཞིང་ཁ་ལ་བརྟེན་དགོས་པས། རྒྱ་མི་གུང་ཁྲན་དམར་པོའི་སྲིད་བྱུས་ལ་མི་འདོད་པའི་ངོ་རྒོལ་མཚོན་ཆེད་ཞིང་ཁ་མ་བཏབ་ནས་ཟས་བཅད་ངོ་རྒོལ་གྱི་ཚུལ་དུ་བྱས་པ་རེད། དེར་རྒྱ་མིས་ཞིང་ཁ་མ་བཏབ་ན་མི་ཆོག སུས་མ་བཏབ་ན་དེ་འཇུ་བཟུང་དང། ལོ་དང་ལོ་ཡི་ཁྲིམས་ཐག་གཅོད་རྒྱུ་ཡིན་ཞེས་བཙན་བཀའ་བཏང་བ་རེད། ང་ཚོའི་གྲོང་པའི་ནང་དུ་པ་དགའ་(པ་སངས་ཚེ་རིང།) ཟེར་བ་ཞིག་དེའི་སྐབས་འཇུ་བཟུང་བྱས་པ་རེད། ཁོ་ལ་མཚོན་ན་འཚོ་བ་སྐྱོ་པོ་རེད། ད་ལོ་ཞིང་ཁ་མ་བཏབ་ན་ལོ་གཉིས་ལ་ཟ་རྒྱུ་ཡོད་མ་རེད་མོད། དཔའ་བོ་དཔའ་མོ་བསད་པ་དང་འཇུས་པ་རྣམས་ཀྱི་ཆེད་དུ་གང་སར་ཞིང་ཁ་མི་འདེབས་པའི་སྐོར་གྱི་ཡི་གེ་སྦྱར་བ་རེད། ཁོ་རང་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་འདུག  བོད་ལ་སྨྲ་བརྗོད་རང་དབང་མེད་པ་མ་ཟད། བསམ་ཚུལ་རང་དབང་མི་འདུག  སྔོན་མ་ཡིན་ན། ང་ཚོས་ཞིང་ཁ་འདེབས་རྒྱུ་ཡིན་ཟེར་དུས་མ་འདེབས། ཞིང་ལ་རྩྭ་དང་ཤིང་འདེབས་དགོས། དེ་བཏབ་ན་དངུལ་སྤྲོད་དགོས་བཤད་པ་རེད། འདེབས་ཀྱི་ཡིན་ལབ་དུས་མ་འདེབས་ཟེར་གྱི་ཡོད་རེད། འདེབས་ཀྱི་མིན་ལབ་དུས་འདེབས་དགོས་ཟེར་ནས་བཙན་གནོན་བྱེད་ཀྱི་ཡོད་རེད། འབྲོག་པ་རྣམས་ཀྱི་རྩྭ་ཐང་ལ་ལྕགས་ར་བསྐོར་ནས་ཕྱུགས་ལ་རྩྭ་ཟ་བཅུག་གི་ཡོད་མ་རེད། མི་རིགས་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་འཆང་ནས་རྒྱ་མིས་ད་ལྟ་བོད་ལ་ཧ་ཅང་སྡུག་པོ་གཏོང་གི་ཡོད་རེད་ཅེས་དང། ལམ་བར་དུ་དཀའ་ངལ་གང་བྱུང་སྐོར་དྲིས་པར་ཁོང་གི་བརྗོད་དོན། ངའི་ཕ་ཡུལ་ནས་ལྷ་སར་ཐག་རིང་པོ་རེད། རྒྱ་མིའི་ངོ་སྤྲོད་ལག་ཁྱེར་མེད་ན་འགྲོ་ཆོག་གི་མ་རེད། མཚམས་རེ་རི་ལ་སྐོར་བ་དང། ཆུ་ལ་བརྒལ་ནས་སྡུག་པོ་མང་པོ་མྱངས་བྱུང། ལྷ་སར་འབྱོར་དུས་བོད་པ་བོད་ཀྱི་ས་ལ་འདུག་ཆོག་གི་མི་འདུག ཡིན་གཅིག་མིན་གཉིས་རྒྱ་མིའི་ཐོབ་ཐང་ལག་ཁྱེར་མེད་ན་འདུག་ཆོག་གི་མི་འདུག ཐོབ་ཐང་ལག་ཁྱེར་བཟོ་ཐུབ་རྒྱུ་ཡོད་མ་རེད། ཟླ་བ་གསུམ་ཙམ་ལ་ལྷ་སར་གབ་ནས་ཉིན་འཁྱོལ་རུང་མཚན་མི་འཁྱོལ་བའི་དཀའ་ངལ་དེ་འདྲ་མྱངས་བྱུང། དེ་ནས་ལམ་ཁྲིད་ཅིག་ལ་རྒྱ་སྒོར་ཁྲི་གསུམ་སྤྲད་པ་ཡིན། ང་ལ་མཚོན་ན་གྲྭ་པ་གྲྭ་རྐྱང་རེད། ནང་མིའི་འཚོ་བ་སྐྱོ་པོ་རེད། རྒྱ་མིའི་འོག་ལ་འདུག་ས་ཡོད་མ་རེད། བཙན་བྱོལ་ལ་ཡོང་དགོས་ན་རང་ཉིད་ལ་ས་རྒྱུས་མེད་སྟབས་འཁྲིད་མཁན་མ་བཙལ་རང་བཙལ་རེད། དེ་ལ་སོགས་པ་དཀའ་ལས་མང་པོ་ཞིག་འཕྲད་བྱུང་ཞེས་འགྲེལ་བརྗོད་བྱས་བྱུང།།

Share this:
༡༠༥ ཀློག་གྲངས།