དགེ་བཤེས་མའི་རྒྱུགས་སྤྲོད་སྐབས་གསུམ་པ་འགོ་འཛུགས།

རྒྱུགས་སྤྲོད་འདི་༢༠༡༢ ལོར་གཏན་འབེབས་བྱས་པའི་བོད་ཀྱི་བཙུན་དགོན་དང་སློབ་གཉེར་ཁང་གི་གཞུང་ཆེན་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་རྒྱུགས་སྤྲོད་དང་ལག་འཁྱེར་འབུལ་ཕྱོགས་ཀྱི་སྒྲིག་གཞི་དགོངས་དོན་གོ་སྒྲིག་བྱེད་ཀྱི་ཡོད་པ་དང་། དེའི་སྟངས་འཛིན་ཆོས་རིག་ལས་ཁུངས་དང་། བོད་ཀྱི་བཙུན་མའི་ལས་འཆར། དྷ་ས་རིག་ལམ་སློབ་གཉེར་ཁང་། དེ་བཞིན་འབྲེལ་ཡོད་བཙུན་དགོན་དྲུག་གི་སྐུ་ཚབ་ཡོད་པའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་གིས་གནང་གི་ཡོད་པ་རེད།

aniy1དགེ་བཤེས་མའི་རྒྱུགས་སྤྲོད་ཞིབ་འཇུག་གནང་མཁན་རྣམས་ངེས་པར་དགེ་བཤེས་ལྷ་རམས་པ་ཡིན་དགོས་པས། སྐབས་འདིའི་རྩོད་རྒྱུགས་བཞེས་མཁན་ལྷ་རམས་པ་བཞི་སེ་ར་བྱེས་སྨད་གཉིས་དང་། དགའ་ལྡན་ཤར་རྩེ། འབྲས་སྤུངས་སྒོ་མང་གྲྭ་ཚང་བཅས་ནས་ཆེད་གཏོང་གནང་ཡོད་འདུག

དེས་མ་ཟད་ཡིག་རྒྱུགས་སྤྲོད་དཔང་དགེ་བཤེས་ཤིག་ཀྱང་དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་བཏང་ཡོད་པ་དང་། སློབ་ཚན་རྣམས་རྩ་བ་དང་ཞར་བྱུང་གཉིས་སུ་ཕྱེ་ནས་ལོ་རིམ་དང་པོ་དང་གཉིས་པས་དབུ་མ་དང་། ཚད་མ། ཕར་ཕྱིན། ལོ་རིམ་གསུམ་པས་འདུལ་བ། མཛོད། ཚད་མ་བཅས་ལ་རྩོད་རྒྱུགས་དང་འབྲི་རྒྱུགས་སྤྲོད་དགོས་ཀྱི་ཡོད་འདུག

ཞར་བྱུང་སློབ་ཚན་ཁོངས་བརྡ་སྤྲོད་དང་། ལོ་རྒྱུས། ཚན་རིག་གི་ཡིག་རྒྱུགས་ཀྱང་ཡོད་པ་དང་། རྩ་བའི་སློབ་ཚན་གྱི་དྲི་ཤོག་རྣམས་དགེ་བཤེས་ལྷ་རམས་པས་བཟོས་བ་དང་། ལན་འདེབས་ཞིབ་འཇུག་ཀྱང་གྲྭ་ཚང་མི་འདྲ་བའི་དགེ་བཤེས་ལྷ་རམས་པ་ཁག་གཉིས་ནས་གནང་རྒྱུ་ཡིན་འདུག ཐེངས་འདིར་རྒྱུགས་ཞུགས་པའི་བཙུན་མ་ཁྱོན་སུམ་བཅུ་སོ་བརྒྱད་ཡོད་པ་རྣམས་ལོ་རིམ་དང་པོར་བཅུ་གཅིག་དང་། གཉིས་པར་དྲུག གསུམ་པར་ཉི་ཤུ་རྩ་གཅིག་ཡོད་ཅིང་། ཁོང་རྣམས་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡ ནས་མོན་གྷོཊ་ཏུ་ཕེབས་ཏེ་ཆེད་སྦྱོང་ཡང་གནང་ཡོད་པ་རེད། རྒྱུགས་སྤྲོད་ལས་རིམ་འདི་བཞིན་ཕྱི་ཚེས་ ༡༢ བར་ཡིན་པ་དང་། དེ་ཉིད་ཟིན་མཚམས་ཕྱོགས་མཐའ་ཁག་ནས་ཕེབས་པའི་བཙུན་མ་རྣམས་ཁུངས་སོ་སོར་ལོག་ཕེབས་རྒྱུ་དང་། ཕྱི་ལོར་དྷ་ས་བཙུན་དགོན་དགེ་ལྡན་ཆོས་གླིང་དུ་རྒྱུགས་སྤྲོད་སྐབས་བཞི་པ་བསྐོང་ཚོགས་རྗེས་བཙུན་མ་ཁག་ཅིག་ལ་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་དགེ་བཤེས་མའི་མཚན་གནས་འཐོབ་རྒྱུ་ཡིན་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༠༩ ཀློག་གྲངས།