བཞུགས་སྒར་དུ་དགུ་པའི་ཉེར་བདུན་གྱི་དུས་དྲན།

སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གདན་ཞུས་ལྟར་ཕེབས་ནས་གསུང་བཤད་གནང་ཡོད་པ་མ་ཟད། དགུ་བཅུ་གསུམ་ལས་འགུལ་ཚོགས་པས་རྩོམ་སྒྲིག་བྱས་པའི་ཆབ་སྲིད་བཙོན་ཟུར་བྱམས་པ་ཕུན་ཚོགས་ལགས་ཀྱི་མི་ཚེའི་ལོ་རྒྱུས་༼ཞུམ་པ་མེད་པའི་མི་ཚེ༽དང༌། བོད་ཀྱི་སྐྱེས་ཁམས་ཁོར་ཡུག་དང་དེང་རབས་སློབ་གསོ། དེ་བཞིན་བོད་ནང་གི་དྲག་གནོན་སྐོར་གྱི་༼ལོ་ངོ་ལྔ་བཅུའི་བོད་ནང་གི་མུན་ནག་ལ་དཔྱད་པ་༽ཞེས་པའི་དཔེ་དེབ་གཉིས་ཀྱང་དབུ་འབྱེད་གནང་ཡོད་པ་རེད། དེ་བཞིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས་དགུ་པའི་ཉེར་བདུན་གྱི་དུས་དྲན་གཏམ་བཤད་གནང་བའི་སྐབས་དྲང་བདེན་དང་ཞི་བདེར་དགའ་བའི་འཛམ་གླིང་མི་མང་སྤྱི་དང༌། བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་ནང་དུ་བོད་རིགས་གྲངས་ཉུང༌མི་རིགས་ཆགས་བཞིན་པ་དང༌། བོད་ཀྱི་སྐད་ཡིག་བེད་མེད་ཆགས་བཞིན་པ། བོད་ཀྱི་སྣོད་བཅུད་རྩ་བརླགས་གཏོང་བཞིན་པ་བཅས་མྱུར་སྐྱོབས་ཡོང་སླད་རྒྱ་དམར་གཞུང་ལ་མུ་མཐུད་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་དང༌། གཞན་ཡང་རྒྱ་གཞུང་གིས་བོད་དང་ཡུ་གུར་ཁ་ཆེའི་མི་རིགས་རྣམས་ལ་དྲག་གནོན་གྱི་བྱ་སྤྱོད་རིགས་སྤེལ་མཚམས་འཇོག་དགོས་པ། བཙོན་ཁང་ནང་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་གྲོལ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་སོགས་གསུངས་ཡོད་པ་རེད། དེའི་དགོང་མོ་བཞུགས་སྒར་དུ་སེར་སྐྱ་མི་མང་གང་མང་འདུ་འཛོམས་ཐོག་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད།།

Share this:
༥༧ ཀློག་གྲངས།