དྷ་ས་བོད་མིའི་དབུས་སྣེ་ལེན་ཁང་གི་ལས་བྱེད་ཅིག་ལ་མེ་མདའ་བརྒྱབ་འདུག

ཟླ་འདིའི་ཚེས་༨ ཉིན་གྱི་ཞོགས་པ་སྔ་པོ་ཆུ་ཚོད་༤ པ་ཙམ་ལ་དྷ་ས་བོད་གཞུང་དབུས་སྣེ་ལེན་ཁང་གི་ལས་བྱེད་ཅིག་ཕྱི་ལ་ཐོན་སྐབས། མི་སུ་ཡིན་མ་ཤེས་པ་ཞིག་གིས་མེ་མདའ་བརྒྱབ་ཡོད་པ་དང་། མེ་མདའ་གཡས་ཕྱོགས་ཀྱི་ཕྲག་པར་ཐེབས་ཡོད་པར་བརྟེན། སྨན་ཁང་དུ་ཛ་དྲག་སྨན་བཅོས་ཆེད་བསྐྱོད་ཡོད་པ་རེད།

rct1གནས་ཚུལ་དེའི་སྐོར་བདེ་སྲུང་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀུན་དགའ་བཀྲ་ཤིས་ལ་བཅར་འདྲི་བྱས་པར། “དེ་རིང་ཞོགས་པ་སྔ་པོ་ཆུ་ཚོད་༤ ཡས་མས་སུ་གནས་ཚུལ་དེ་འདྲ་བྱུང་བ་ཤེས་རྟོགས་བྱུང་བ་དང་། བདེ་སྲུང་དྲུང་ཆེ་མར་སྣེ་ལེན་ཁང་དུ་ཕེབས་པ་རེད། སྣེ་ལེན་ཁང་གི་ལས་བྱེད་ཅིག་ལ་མེ་མདའ་བརྒྱབ་ཡོད་པ་དེ་དངོས་ཡོད་གནས་ཚུལ་རེད། མེ་མདའ་རྒྱག་མཁན་སུ་ཡིན་དང་། དོན་དག་གང་ཡིན་གསལ་པོ་མི་འདུག ཁོང་ལམ་སང་སྨན་ཁང་དུ་ཁྱེར་བ་དང་རྒྱ་གར་ཉེན་རྟོག་པས་ཞིབ་འཇུག་བྱེད་བཞིན་པ་རེད་”ཅེས་འགྲེལ་བརྗོད་གནང་སོང་།

སྣེ་ལེན་ཁང་གི་ནང་དུ་རྐུན་མ་ཡོང་ནས་ལས་བྱེད་ལ་མེ་མདའ་བརྒྱབ་པ་རེད་ཟེར་མཁན་འདུག་པས། དེའི་ཐོག་གནས་ཚུལ་ག་འདྲ་ཡོད་པ་རེད་ཅེས་བཅར་འདྲི་བྱས་པར། “གནས་ཚུལ་དེ་ཚོ་གསལ་པོ་མི་འདུག སྔོན་ལ་མི་སྨན་བཅོས་ཡོང་ཐབས་བྱེད་ཀྱི་ཡོད་པ་རེད། གནས་ཚུལ་བྱུང་བའི་ཉིན་དེར་སྤྱི་ཚོགས་ནང་འ་འུར་འདྲ་ཡོང་གི་རེད། ཡིན་ནའང་བདེ་སྲུང་ལས་ཁུངས་དང་རྒྱ་གར་ཉེན་རྟོག་པས་ཞིབ་འཇུག་བྱེད་བཞིན་ཡོད་པས། རིམ་པས་གསལ་པོ་ཆགས་ཡོང་གི་རེད་”ཅེས་འགྲེལ་བརྗོད་གནང་སོང་།

rctཐོག་མར་ལས་བྱེད་དེར་མེ་མདའ་ཕོག་པ་ཤེས་རྟོགས་ག་འདྲ་བྱུང་བ་ཡིན་དང་། ལས་བྱེད་དེ་སུ་ཡིན་ངོ་སྤྲོད་གནང་རོགས་ཞུས་པར། “ཐོག་མར་ཤེས་རྟོགས་བྱུང་སྟངས་ལས་བྱེད་དེ་ནང་ནས་མར་ཕྱི་ལ་ཡོང་སྐབས་མེ་མདའ་བརྒྱབ་པ་འདྲ་འདུག ཁོ་རང་ལ་ཁྲག་མང་པོ་འཛར་གྱི་ཡོད་པ་དང་། ད་ལྟ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པས། སྐད་ཆ་མང་པོ་བཤད་བཅུག་གི་མེད་པ་རེད། སྲོག་ལ་ཉེན་ཁ་མི་འདུག་ཟེར། ཁོང་གི་མིང་ལ་དབང་ཕྱུག་དང་། སྣེ་ལེན་ཁང་གི་ལས་བྱེད་རྙིང་པ་རེད་”ཅེས་འགྲེལ་བརྗོད་གནང་སོང་།

སྣེ་ལེན་ཁང་དུ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱེད་སྐབས། སྣེ་ལེན་ཁང་གི་ལས་བྱེད་སུ་གཅིག་བསྡད་མི་འདུག་ལ། བདེ་སྲུང་ལས་བྱེད་ཁ་ཤས་དང་། རྒྱ་གར་ཉེན་རྟོག་པས་ཁང་པའི་གཡས་གཡོན་གང་སར་ཉུལ་ཞིབ་བྱེད་བཞིན་འདུག སྣེ་ལེན་ཁང་གི་འགན་འཛིན་ལ་ཁ་པར་བཏང་ནས་གནས་འདྲི་བྱས་པར། ཁོང་སྨན་ཁང་དུ་ད་ལྟ་རྨས་མ་མཉམ་པོར་ཡོད་པས། སྐད་ཆ་བཤད་བདེ་པོ་མེད་སྐོར་གསུངས་སོང་། རྒྱ་གར་ཉེན་རྟོག་པ་ཁག་ཅིག་ལ་སྐད་ཆ་དྲིས་ཀྱང་། གནས་ཚུལ་རྩད་གཅོད་བྱེད་བཞིན་ཡོད་སྐོར་གསུངས་པ་ལས། ཁ་གསལ་གང་ཡང་མི་འདུག

ཤེས་རྟོགས་བྱུང་བ་ལྟར་ན། ལས་བྱེད་དེར་མེ་འདའ་ཕོག་སའི་ཡར་ཕྱོགས་ཀྱི་ཐོག་ཁང་ཞིག་གི་སྒོ་གཏོར་ཡོད་འདུག་མོད། ཅ་ལག་བརླགས་པ་དེ་འདྲ་བྱུང་མེད་པའི་གནས་ཚུལ་འདུག གནས་ཚུལ་དེ་བྱུང་བའི་བརྒྱུད་རིམ་མེ་མདའ་ཕོག་ས་དེས་སྐད་ཆ་མ་བཤད་བར་དུ། ཞོགས་པ་སུ་གཅིག་གིས་མཐོང་མེད་པས་གསལ་པོ་ཆགས་མེད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༩༤ ཀློག་གྲངས།