༧གོང་ས་མཆོག་གིས་གསར་འགྱུར་འདྲ་མིན་དུས་ཐོག་གཏོང་ཐུབ་དགོས་སྐོར་གསུངས་སོང་།

ཟླ་འདིའི་ཚེས་༩ ཉིན་༸གོང་ས་མཆོག་གིས་རྒྱ་གར་གྱི་གསར་འགྱུར་ལས་ཁུངས་གསར་པ་ཞིག་དང་། ཁ་པར་གྱི་མཉེན་ཆས་གསར་པ་ཞིག་དབུ་འབྱེད་གནང་བ་དང་། མིའི་རྣམ་དཔྱོད་ཡག་པོ་ཡོང་བ་ལ་གནས་ཚུལ་ཕྱོགས་མང་པོ་ནས་གོ་ཐུབ་པ་དང་ཤེས་ཐུབ་པ་བྱེད་དགོས་སྐོར་གྱི་བཀའ་སློབ་གནང་སོང་།

དེ་ཡང་རྒྱ་གར་ཧི་མ་ཅལ་མངའ་སྡེ་ཀང་ར་རྫོང་ཁོངས་ཀྱི་Shree Balaji Media Innovations Pvt Ltd ཞེས་པའི་གསར་འགྱུར་རྒྱུད་ལམ་ཞིག་གི་ལས་ཁུངས་གསར་པ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༧གོང་ས་མཆོག་དང་། ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་དང་རྒྱལ་ཁབ་འཛུགས་སྐྲུན་ལྷན་ཁང་གི་བློན་ཆེན་སཱ་ཌི་ཧར་ཤཱར་མ་ (Sudhir Sharma) གཉིས་ཕེབས་ཡོད་པ་རེད།

བློན་ཆེན་གྱིས་འཕྲུལ་རིགས་ཀྱི་དུས་རབས་འདིར་ཧི་མ་ཅལ་མངའ་ཁུལ་ནས་ལག་ཁྱེར་ཁ་པར་ནང་གསར་འགྱུར་གཏོང་རྒྱུ་ཡོད་པའི་མཉེན་ཆས་བཟོ་ཐུབ་པ་དེ་ཡག་པོ་ཡིན་སྐོར་དང་། མ་འོངས་པར་མང་ཚོགས་ལ་གནས་ཚུལ་དུས་ཐོག་ངོ་སྤྲོད་དང་། ཆེ་མཐོང་ལྡན་པའི་ལས་ཀ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང།

༧གོང་ས་མཆོག་གིས་འཚེ་བ་མེད་པ་གལ་ཆེན་ཡིན་སྐོར་དང་། གསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་འདྲ་མིན་ཤེས་རྟོགས་ཡོང་དགོས་སྐོར་དང་འབྲེལ་ནས་གསུང་དོན། “གྷན་དྷི་ཡི་ལྟ་གྲུབ་ལ་རྗེས་སུ་ཡི་རངས་དང་ཡིད་སྨོན་བྱེད་མཁན་མང་དུ་འགྲོ་ཡི་འདུག དེ་བཞིན་ཁོར་ཡུག་སྐོར་ལ་དོ་སྣང་དང་དབུལ་པོ་དང་ཕྱུག་པོ་ངོས་མ་སྙོམ་པ་ཡོད་པ་དང་། ལྐོགས་ཟ་རུལ་སུངས་སོགས་སྐྱོན་ཆེན་པོར་ལྟ་ཡི་ཡོད་པ་དེ་དངོས་ཡོད་གནས་ཚུལ་ཤེས་ནས་ཡོང་གི་ཡོད་པ་རེད། མི་གསོད་ཁྲག་སྦྱོར་སྐོར་ཡིན་ན་མི་ཤི་གྲབས་ཡོད་སྐབས། རྨས་སྐྱོན་དང་ཁྲག་འཛར་བ་མཐོང་དུས། མིའི་སེམས་ལ་ཨ་ཙི། འཚེ་བ་ཞེས་པ་ག་འདྲ་བསམ་པ་ཞིག་ཡོང་གི་ཡོད་པ་རེད། དེར་བརྟེན་གསར་འགྱུར་བརྒྱུད་ནས་འཛམ་གླིང་གི་ས་ཆ་གང་ལ་གནས་ཚུལ་བྱུང་བ་དེ་མི་མང་པོས་ཤེས་ཐུབ་པ་ཞིག་ཡོང་བ་དེས་མིའི་བསམ་བློ་ལ་དོ་སྣང་གསར་པ་སླེབས་རྒྱུར་ཕན་ཐོགས་བྱུང་ཡོད་པ་རེད་བསམ་གྱི་འདུག དེ་དང་ཆབས་ཅིག་མིའི་རྣམ་དཔྱོད་ཡག་པོ་ཡོང་བ་ལ་གནས་ཚུལ་ཕྱོགས་མང་པོ་ནས་གོ་ཐུབ་པ་དང་ཤེས་ཐུབ་པ་བྱུང་ན། བསམ་བློ་གཏོང་ས་ཆགས་ཀྱི་རེད། གནས་ཚུལ་གཅིག་མ་གཏོགས་གོ་རྒྱུ་མེད་ན། ཡིན་པ་རེད་བསམ་པ་ལས་ཞེ་དྲག་མེད་པ་རེད། གསར་འགྱུར་འདྲ་མིན་དུས་ཐོག་སླེབས་ཐུབ་པ་དེ་གལ་ཆེན་པོ་འདུག་”ཅེས་གསུངས་པ་དང་ཁོང་དགུང་ལོ་༨༠ ལ་སླེབས་ཡོད་པས། དེང་དུས་ཀྱི་འཕྲུལ་ཆས་སྐོར་མཁྱེན་གྱི་མེད་སྐོར་དང་། ལག་ཁྱེར་ཁ་པར་ཁ་ཕྱེ་བ་དང་པོ་ཡིན་སྐོར་གསུངས་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༤༣༣༨ ཀློག་གྲངས།