ཨོ་བྷ་མ་རྒྱ་ནག་ནས་ཕྱིར་ཕེབས་རྗེས་མཇལ་འཕྲད་གནང་གི་རེད།

དེ་ཡང་ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་དེང་སྐབས་རྒྱ་བོད་གཉིས་དབར་ཁ་ཐུག་འབྲེལ་བ་གང་ཡང་བྱེད་ཐུབ་མེད་ཅིང། རྒྱ་བོད་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་དང་རྒྱུན་ཉར་བྱེད་དགོས་པ་དེ་བོད་མི་ས་ཡ་༦ གི་དོན་ཆེན་རེད་ལ། འབྲེལ་ལམ་རྒྱུན་འཛིན་བྱེད་མ་ཐུབ་ན་གྲུབ་འབྲས་ཡང་ཐོན་ཁག་པོ་རེད། ལོ་སྔོན་མར་རྒྱ་བོད་གཉིས་དབར་གྲོས་མོལ་ཐེངས་༨ ཙམ་གནང་ཡོད་པ་དང། སྐབས་དེར་བོད་ཕྱོགས་ནས་བོད་མིའི་དགོས་འདུན་མཚོན་པའི་ཟིན་བྲིས་དེ་རྒྱ་ནག་གཞུང་ལ་ཕུལ་ཡོད་པ་རེད། ཡིན་ནའང་རྒྱ་ནག་གི་དཔོན་རིགས་ཚོས་ཟིན་བྲིས་དེར་བསམ་གཞིག་བྱས་མེད་ལ། དེའི་དགོས་འདུན་ཡོངས་རྫོགས་ལ་མོས་མཐུན་བྱས་མེད་པ་རེད། དེས་ན་བོད་གཞུང་ཕྱོགས་ནས་གྲོས་མོལ་དེ་རྒྱུན་འཛིན་བྱེད་ཐུབ་མེད་པ་དང། རྒྱ་ནག་གི་དཔོན་རིགས་ཚོས་ྋགོང་ས་མཆོག་གི་དགོངས་ཚུལ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། ཟླ་བ་གཅིག་གི་སྔོན་དུ་ྋགོང་ས་མཆོག་གིས་རྒྱ་ནག་གི་དཔོན་རིགས་ཚོ་དང་སླར་ཡང་འབྲེལ་མཐུད་ཀྱིས། རྒྱ་བོད་གཉིས་དབར་གྲོས་མོལ་ཐེངས་༩ པ་དེ་འགོ་འཛུགས་དགོས་པའི་བཀའ་ཕེབས་པ་དང། སྐུ་ཚབ་ཚོའི་ངོས་ནས་ཀྱང་གྲ་སྒྲིག་ཆ་ཚང་ཡོད་པ་རེད། ཟླ་བ་རྗེས་མར་ཨ་རིའི་སྲིད་འཛིན་རྒྱ་ནག་ཏུ་ཕེབས་རྒྱུ་ཡིན་པས། སྐབས་དེར་ྋགོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་བརྒྱུད་ནས། རྒྱ་བོད་གཉིས་ཀྱི་གནད་དོན་ཐད་ལ་གསུང་ལན་གང་ཞིག་གནང་ཡོད་དམ་ཞེས། ཨ་རིའི་རླུང་འཕྲིན་ཁང་གིས་བཀའ་འདྲི་ཞུས་པའི་ལན་དུ། ྋགོང་ས་མཆོག་གིས་རྒྱ་ནག་གི་དཔོན་རིགས་ཚོར་བོད་རྒྱ་གཉིས་དབར་གྱི་གྲོས་མོལ་མུ་མཐུད་དགོས་པའི་འབོད་སྐུལ་དེ། རྒྱ་ནག་ཏུ་མི་སུ་འདྲ་ཞིག་ཕེབས་རུང་གསུང་ལན་གནང་རྒྱུ་གཅིག་མཚུངས་རེད།    སྤྱིར་ཨ་རྀ་གཞུང་གིས་སྔོན་དུས་ནས་རྒྱ་བོད་ཀྱི་གནད་དོན་ཐད་བརྡ་ལན་གསལ་པོ་གནང་ཡོད་རེད། ང་ཚོའི་ངོས་ནས་སྲིད་འཛིན་ཨོ་བྷ་མར་བོད་ཀྱི་གནད་དོན་དེ་གལ་ཆེན་པོ་ཡིན་པས། ངེས་པར་དུ་གཟིགས་སྐོར་འདི་དང་བསྟུན་ནས་སྐད་ཆ་བཤད་དགོས་ཀྱི་ཡོད་ཅེས་ཞུ་ཐུབ་ཀྱི་མ་རེད། ཡིན་ནའང་ང་ཚོའི་ངོས་ནས་སྲིད་འཛིན་མཆོག་ལ་གཟིགས་སྐོར་སྐབས། ཁོང་གི་ལས་གཞི་ཁག་དང་འབྲེལ་ནས་བོད་ཀྱི་གནད་དོན་ཐད་སྐད་ཆ་བཤད་རོགས་ཞེས་ཞུ་ཆོག་པ་རེད། རྒྱ་ནག་གི་དཔོན་རིགས་ཚོ་དང་དམིགས་བསལ་ཕྱི་སྲིད་བློན་ཆེན་གྱིས། ཨ་རིའི་སྲིད་འཛིན་གྱི་གཟིགས་སྐོར་ལས་གཞིའི་ནང་བོད་ཀྱི་གནད་དོན་ཐད་སྐད་ཆ་བཤད་རྒྱུ་ཡིན་པ་དེ་ཚོད་དཔག་བྱེད་ཀྱི་ཡོད་པ་དང། གལ་སྲིད་ང་ཚོས་རྒྱ་ནག་གི་དཔོན་རིགས་ཚོར་བོད་གཞུང་དང་འབྲེལ་མཐུད་ཙམ་བྱེད་དགོས་ཀྱི་འདུག་ཟེར་ན། རྒྱ་ནག་གི་ངོས་ནས་ཕྱི་ལོ་༡༩༧༩ ནས་བོད་ཀྱི་དབང་འཛིན་པ་ཚོ་དང་ལྷན་དུ་ཐེངས་༢༥འབྲེལ་མཐུད་བྱས་ཡོད་ཅེས་ལན་རྒྱག་གི་རེད་ཅེས་གསུངས་ཡོད་པ་རེད།    
དེང་སྐབས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་བཟང་དུ་འགྲོ་བཞིན་ཡོད་པ་དེས། བོད་ཀྱི་གནད་དོན་ལ་ཁེ་ཕན་གང་ཞིག་ཡོད་དམ་ཞེས་ཨ་རིའི་རླུང་འཕྲིན་ཁང་གིས་བཀའ་འདྲི་ཞུས་པའི་ལན་དུ། སྤྱིར་འཛམ་གླིང་འདིའི་རྒྱལ་ཁབ་གང་ཞིག་ཡིན་རུང། ཕན་ཚུན་འབྲེལ་ལམ་བཟང་པོ་ཆགས་ན་འཛམ་གླིང་ཞི་བདེ་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་པ་རེད། སྲིད་འཛིན་ཨོ་བྷ་མའི་སྐུ་ཚབ་དྷ་སར་ཕེབས་ཚར་བའི་རྗེས་ནས། སྐུ་སྒེར་ཡིག་ཚང་གིས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དེ་གལ་ཆེན་པོ་ཡིན་པའི་ཁྱབ་བསྒྲགས་གནང་ཡོད་པ་རེད་ཅེས་དང༌། སྲིད་འཛིན་ཨོ་བྷ་མ་དང་ྋགོང་ས་མཆོག་གཉིས་ཕན་ཚུན་གུས་བརྩི་ཆེན་པོ་གནང་གི་ཡོད་རེད། ཨོ་བྷ་མ་སྲིད་འཛིན་ཆགས་པའི་རྗེས་ནས། ཡར་རྒྱས་དང་བསྒྱུར་བཅོས་གཏོང་གི་ཡིན་ཞེས་ཁས་ལེན་གནང་ཡོད་པ་རེད། ང་ཚོའི་ངོས་ནས་ཁས་ལེན་དེ་ལ་བརྩི་སྲུང་གནང་གི་རེད་བསམ་གྱི་ཡོད། དེ་ནས་ཨ་རིས་རྒྱ་ནག་དང་འབྲེལ་ལམ་འཛིན་པ་དེ་ཡར་རྒྱས་ཀྱི་རྣམ་པ་རེད། དེ་རིང་སྲིད་འཛིན་སྐུ་ཞབས་ཨོ་བྷ་མ་དང་ྋགོང་ས་མཆོག་གཉིས་མཇལ་འཕྲད་གནང་མེད་པའི་རྒྱུ་མཚན་ནི་གནད་དོན་མང་པོ་ཞིག་ལ་བསྟུན་དགོས་ཀྱི་ཡོད་པས་རེད་ཅེས་གསུངས་ཡོད་པ་རེད།།

Share this:
༡༨ ཀློག་གྲངས།