སྲིད་བློན་མོ་ཏི་ཡི་རྒྱ་ནག་གི་འཚམས་གཟིགས་ཧྲན་ཞི་ནས་འགོ་བཙུགས།

དེ་རིང་ནས་བཟུང་རྒྱ་གར་གྱི་སྲིད་བློན་ན་རེན་ཌར་མོ་ཏི་ཡིས་རྒྱ་ནག་ཏུ་ཉིན་གསུམ་རིང་གི་འཚམས་གཟིགས་འགོ་འཛུགས་བྱས་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་རྒྱ་དཀར་ནག་བར་གྱི་འབྲེལ་བ་དེ་“གླང་འབྲུག་མཉམ་གཞས་”ཞེས་འགྲེལ་བརྗོད་བྱེད་བཞིན་འདུག

454233655444_cn_narendra_modi_02_976x549_afpཟླ་འདིའི་ཕྱི་ཚེས་༡༤ ཉིན་རྒྱ་གར་གྱི་སྲིད་བློན་ན་རེན་ཌར་མོ་ཏི་རྒྱལ་ས་ལྡི་ལི་ནས་ཐོན་ཏེ། རྒྱ་ནག་གི་འཚམས་གཟིགས་བྱེད་སའི་ས་ཚིགས་ཐོག་མ་ཞི་ཅིན་ཕིང་གི་ཕ་ཡུལ་ཧྲན་ཞི་རུ་འབྱོར་ཡོད་པ་དང་། གནས་ཚུལ་ནང་ཐོན་པ་ལྟར་ན། སྲིད་འཛིན་ཞི་ཅིན་ཕིང་དངོས་སུ་ཧྲན་ཞི་ལ་ཡོང་སྟེ་སྲིད་བློན་མོ་ཏི་ཕེབས་བསུ་བྱས་ཡོད་པ་རེད།

སྲིད་བློན་མོ་ཏི་ད་དུང་རྒྱལ་ས་པེ་ཅིང་དང་ཧྲང་ཧེ་རུའང་འཚམས་གཟིགས་བསྐྱོད་རྒྱུ་ཡིན་འདུག་པ་དང་། ཤིན་ཧྭ་གསར་ཁང་གིས་རྒྱ་ནག་གི་རྒྱ་གར་གཞུང་ཚབ་ཆེན་མོ་ལི་ཡུང་ཁྲན་གྱི་སྐད་ཆ་ལུང་འདྲེན་བྱས་པ་ལྟར་ན། རྒྱ་དཀར་ནག་གཉིས་ཀྱིས་སྲིད་བློན་མོ་ཏི་ཡི་འཚམས་གཟིགས་སྐབས། ཐོག་མའི་ཚོད་རྩིས་ལ་གཞིགས་ན་ཉུང་མཐར་ཡང་ཁྱོན་ཨ་སྒོར་དུང་ཕྱུར་༡༠༠ ཡི་མ་རྩ་ལྡན་པའི་ཚོང་ལས་མཉམ་འབྲེལ་ལ་མཚན་རྟགས་བཀོད་རྒྱུ་ཡིན་པ་རེད།

45614567857778cn_xi_jinping_narendra_modi_976x549_afpཔེ་ཅིང་གིས་སྲིད་བློན་མོ་ཏི་འཚམས་གཟིགས་མ་འབྱོར་པའི་སྔོན་ས་མཚམས་ཀྱི་གནད་དོན་ཐོག་ལྟ་བ་མཁྲེགས་འཛིན་གྱི་རྣམ་འགྱུར་བསྟན་མེད་པ་དང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲོན་ཚབ་པ་ཧྥ་ཁྲུན་དབྱི་ཡིས་རེས་གཟའ་ལྷག་པའི་ཉིན། ཕྱོགས་གཉིས་ཀར་ས་མཚམས་ཀྱི་གནད་དོན་མགྱོགས་པོ་ཐག་གཅོད་བྱེད་འདོད་ཆེན་པོ་ཡོད་པ་མ་ཟད། དེའི་ཆེད་དུ་འབད་བརྩོན་ཡང་ལྷོད་མེད་བྱས་ཡོད། མགྱོགས་མྱུར་ངང་ས་མཚམས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་མི་མང་ཐུན་མོང་གི་རེ་འདུན་ཡིན་ལ། ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་ཡང་འཚམས་པ་ཞིག་རེད་ཅེས་བརྗོད་ཡོད་པ་རེད།

དེ་བཞིན་ནུབ་ཕྱོགས་པའི་བརྒྱུད་ལམ་ཁག་ཏུ་རྒྱ་དཀར་ནག་གཉིས་བར་གྱི་ཡུན་རིང་ལོ་རྒྱུས་ལྡན་པའི་མཐའ་མཚམས་རྩོད་རྙོག་སོགས་དམིགས་སུ་བཀར་ཏེ། ཐེངས་འདིའི་སྲིད་བློན་མོ་ཏི་ཡི་འཚམས་གཟིགས་ལ་དཔྱོད་བརྗོད་དང་ཕྱོགས་གཉིས་བར་ཡིད་ཆེས་འཕེར་བའི་ཚོང་ལས་འབྲེལ་ལམ་འཛུགས་ཐུབ་མིན་སོགས་ལ་དོགས་སློང་བྱེད་བཞིན་པར་བརྟེན། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་<<གོ་ལའི་དུས་བབ་>>སོགས་ཀྱི་སྟེང་ཆེད་དུ་རྩོམ་ཡིག་སྤེལ་ཏེ། ནུབ་ཕྱོགས་བརྒྱུད་ལམ་ཁག་གིས་གྲང་དམག་དུས་སྐབས་ལྟ་བུའི་དགྲར་འཛིན་བསམ་བློའི་འོག རྒྱ་དཀར་ནག་གཉིས་ཀྱི་ལོ་རྒྱུས་གཞན་ཞིག་འགྲེལ་བརྗོད་བྱ་ཐབས་བྱེད་བཞིན་པ་ནི་དོན་དངོས་དང་མི་མཐུན་པ་དང་། དེ་ལྟ་བུའི་དུས་ཚོད་ནི་འདས་ཟིན་པ་ཞིག་ཡིན་པས། རྒྱ་དཀར་ནག་བར་གྱི་ཚོང་འབྲེལ་མཉམ་ལས་དེ་“གླང་འབྲུག་མཉམ་གཞས”་ཀྱི་ལེའུ་གསར་པ་ཞིག་གི་སྒོ་མོ་འབྱེད་ཐུབ་པའི་རེ་བ་ཡོད་སྐོར་བརྗོད་འདུག།

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

Share this:
༣༧ ཀློག་གྲངས།