ཁམས་རྟའུར་སླར་ཡང་རང་ལུས་མེར་སྲེག

འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།1195 ཟླ་༥ ཚེས་༢༠ བོད་ནང་གི་ཕྱི་དྲོ་ཆུ་ཚོད་༨ པ་ཙམ་ལ་ཁམས་རྟའུ་རྫོང་ཁང་སར་ཡུལ་ཚོ་རུ་བོད་མི་བསྟན་འཛིན་རྒྱ་མཚོ་ཟེར་བ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་ཡོད་འདུག དེ་རྗེས་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ཁྱེར་བྱས་ཡོད་འདུག་ཀྱང་། སྨན་ཁང་དུ་ཁྱེར་ཡོད་མེད་དང་ཤི་གསོན་གྱི་གནས་ཚུལ་ད་དུང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

ས་གནས་མི་མང་ཚོས་བརྗོད་པ་ལྟར་ན། བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་སྲེག་གནང་དགོས་དོན་ནི། ཉིན་ཤས་སྔོན་ནས་བཟུང་ས་གནས་དེར་རྒྱ་གཞུང་གི་ཉེན་རྟོག་པ་དང་དྲག་ཆས་དམག་དཔུང་ཧ་ཅང་མང་པོ་སླེབས་ཏེ། མང་ཚོགས་ལ་འཇིགས་སྐུལ་དཔུང་ངོམ་བྱས་པ་མ་ཟད། དོན་མེད་དུ་ས་གནས་བོད་མི་ཚོར་གང་བྱུང་ཉེས་རྡུང་བཏང་བ་སོགས་བྱུང་ཡོད་སྟབས། ཁོང་གིས་གནས་སྟངས་དེར་སེམས་ཀྱིས་མ་བཟོད་པར་ཞི་བའི་ཡ་ལན་གྱི་ཚུལ་དུ་རང་ལུས་མེར་སྲེག་གནང་བ་ཞིག་ཡིན་འདུག

628རྒྱལ་གཅེས་དཔའ་བོ་བསྟན་འཛིན་རྒྱ་མཚོ་ལགས་ནི། ཁམས་རྟའུ་རྫོང་ཁང་གསར་ཡུལ་ཚོ་ཁུ་ནན་གྲོང་པ་ནས་ཡིན་པ་དང་། ད་ལྟ་རང་ལོ་༣༥ ཡིན་འདུག ཁོང་གི་བཟའ་ཟླའི་མིང་ལ་བསོད་ནམས་སྒྲོལ་མ་ཟེར་ཞིང་། ཁོང་བཟའ་མི་གཉིས་ལ་ཕྲུ་གུ་སྟོབས་ལྡན་དང་ཐུབ་བསྟན། ཚེ་རིང་མཚོ་མོ། ཚེ་དབང་རྒྱ་མཚོ་བཅས་༤ ཡོད་འདུག

ད་ལྟ་རྒྱ་གཞུང་གིས་ས་གནས་དེར་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

ཁོང་ནི་ད་བར་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་སུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་མཁན་ཤེས་རྟོགས་བྱུང་བའི་བོད་མི་༡༣༩ པ་དེ་ཆགས་ཡོད་པ་རེད།། གསར་འགོད་པ་ངག་དབང་ཐར་པ།

 

Share this:
༧༤ ཀློག་གྲངས།