བོད་ནང་རྒྱ་རིགས་སྡོད་མི་ཐུབ་པའི་ཆེད་དུ་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།

དེ་བྱེད་དགོས་དོན་གཙོ་བོ་རྒྱ་ནག་གི་སྟོབས་ངོམ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཁྱེད་རང་ཚོས་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ལ་ངོས་འཛིན་བྱེད་དགོས་པ་རེད། ང་ཚོའི་སྟོབས་དང་དབང་ཤུགས་ཐོག་ལ་གུས་ཞབས་བྱེད་དགོས་པ་རེད་ཟེར་ནས་གོ་བརྡ་སྤྲད་སའི་བརྒྱུད་ལམ་ཞིག་ཆགས་བསྡད་ཡོད་པ་རེད།  བོད་ཀྱི་ཐོག་རྒྱ་ནག་ལ་ལོ་དྲུག་ཅུའི་རིང་དངོས་གནས་བཤད་གནམ་བདེ་སྒོ་མོ་ཆེའི་ཐང་དུ་ངོམ་ཆོག་པའི་གདོང་ལྤགས་མེད་པ་ཞིག་རེད། བོད་གཅིག་པུ་མ་རེད། ཡུ་གུར་མི་རིགས་དང། ནང་སོག མན་ཇུའི་སོགས་ཀྱི་ནང་ཐོག་མ་ནས། རྒྱ་ནག་དམར་ཕྱོགས་འགོ་བཙུགས་དུས་གྲངས་ཉུང་མི་རིགས་ལ་ཨི་རུ་སུའི་ལེ་ཉིན་གྱི་སྲིད་བྱུས་ཤིག་འཛིན་རྒྱུའི་འཆར་གཞི་ཡོད་པ་ལོ་རྒྱུས་ཀྱི་ཐོག་ནས་མངོན་གསལ་དོད་པོ་རེད། ལེ་ཉིན་གྱིས་ཨི་རུ་སུའི་ནང་དམར་པོའི་སྲིད་གཞུང་འོག་གྲངས་ཉུང་མི་རིགས་ལ་སྲིད་བྱུས་བཟུང་བ་དེ་མཉམ་འབྲེལ་གྱི་སྲིད་གཞུང་རེད། ཡིན་ནའང་རྒྱ་ནག་དམར་པོའི་གཞུང་༡༩༤༩ ལོའི་ཕྱི་ཟླ་༡༠ ཚེས་༡ ཉིན་གཞུང་འཛིན་པའི་སྐབས། ལེ་ཉེན་གྱི་ལྟ་བ་དང་ཡོངས་སུ་འགལ་ནས་གྲངས་ཉུང་མི་རིགས་ལ་མཉམ་འབྲེལ་སྲིད་གཞུང་གི་རང་དབང་རྩ་བ་ནས་མེད་པའི་ཐོག་རང་སྐྱོང་གི་རྣམ་པ་སྤྲོད་རྒྱུའི་སྲིད་བྱུས་ཆ་ཚང་ཞིག་གིས་གཞུང་བཟུང་བ་ནས་ཆགས་པ་རེད།
60year 3ལོ་དྲུག་ཅུའི་སྔོན་གྱི་དེ་རིང་གི་ཉིན་མོ་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང། ལོ་དྲུག་ཅུའི་སྔོན་གྱི་དེ་རིང་གི་ཉིན་མོར་མའོ་ཙེ་ཏུང་དང་རྒྱ་ནག་གི་འགོ་ཁྲིད་ཚོ་པེ་ཅིང་དུ་འཛོམས་སྐབས། བོད་དང་ཐའེ་ཝན་བཅིངས་འགྲོལ་གཏོང་རྒྱུ་ལྷག་བསྡད་ཡོད་ཅེས་བརྗོད་པ་རེད། དེ་རིང་རྒྱ་ནག་གཞུང་གིས་དུས་དྲན་སྲུང་བརྩི་དེ་རྒྱལ་སྤྱིའི་ནང་ངོམ་ཆོག་པའི་གནས་ཚུལ་ཡིན་བསམ་གྱི་ཡོད་པ་རེད། ལྷག་པར་དུ་འདས་པའི་ལོ་སུམ་ཅུའི་ནང་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཕྱིན་ཡོད་པ་དང། བཤད་སྲོལ་ལ། རྒྱ་ནག་གིས་ལོ་གཉིས་ནང་གྲོང་ཁྱེར་གསར་པ་རེ་རེ་རྒྱག་གི་ཡོད་པ་དང། གྲོང་ཁྱེར་ཆེ་ཁག་ནང་བདུན་ཕྲག་གཉིས་རིང་ས་ཁྲ་ཡང་བསྐྱར་འབྲི་དགོས་པས། འགྱུར་བ་ཆེན་པོ་འགྲོ་ཡི་ཡོད་པའི་གནས་སྟངས་ཆགས་ཡོད་པ་རེད། གནས་སྟངས་དེ་འདྲའི་འོག་རྒྱ་ནག་གི་མི་མང་སྐྱོ་པོ་ས་ཡ་སུམ་བརྒྱ་ལྷག་གི་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་གཏོང་ཐུབ་ཡོད་པ་དངོས་ཡོད་རེད། ལོ་སུམ་ཅུའི་སྔོན་གྱི་གྲོང་གསེབ་ཆུང་ཆུང་དེ་ཚོ་ཡང་འཛམ་གླིང་གི་དཔལ་འབྱོར་ལྟེ་གནས་ཆགས་ཡོད་པ་དངོས་ཡོད་རེད། ངོ་ཚོས་ངོས་ལེན་དགོས་པ་རེད། ཡིན་ནའང། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དེ་ཙམ་ཕྱིན་པའི་ནང་གྱོང་གུད་ག་ཚོད་ཡོང་གི་ཡོད་པ་རེད། མ་འོངས་པའི་མི་རབས་ཀྱི་ཐོག་དང། ཕུགས་རྒྱངས་རིང་པོའི་ཐོག་ལ། གྱོང་གུད་ག་ཚོད་ཡོད་པ་དེ་འཛམ་གླིང་མི་མང་གིས་ཤེས་དགོས་པ་ཞིག་རེད་ལ། རྒྱ་ནག་མི་མང་གིས་ཀྱང་ཤེས་དགོས་པ་ཞིག་རེད།  རྒྱ་ནག་ཡར་རྒྱས་ཆེད། ད་ལྟ་འཛམ་གླིང་གི་ལྕགས་ཀྱི་ཐོན་ཁུངས་བརྒྱ་ཆ་བཞི་བཅུ་རྒྱ་ནག་གཅིག་པུས་བེད་སྤྱོད་གཏོང་གི་ཡོད་པ་རེད། བོད་ནང་གི་ཤིང་ནགས་སྔོན་མ་ནས་བེད་སྤྱོད་བཏང་ཚར་པ་རེད། ད་ལྟ་འབར་མ་དང། མ་ལེའི་ཤི་ཡ་དེ་ཚོའི་ནང་གི་ཤིང་ནགས་རྒྱ་ནག་ཡར་རྒྱས་ཀྱི་ཆེད་དུ་བེད་སྤྱོད་གཏོང་གི་ཡོད་པ་རེད། དེ་ཚོས་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་ག་ཚོད་ཡོད་པ་བཤད་མ་དགོས་པ་རེད། ལོ་སུམ་ཅུའི་ནང་རྒྱ་ནག་ཡར་རྒྱས་ཕྱིན་པ་དེས། རྒྱ་ནག་རང་གི་ནང་དུ་དཀའ་ངལ་ག་ཚོད་ཡོད་ད་ལྟ་དངོས་སུ་མ་མཐོང་ནའང། ལོ་ཉི་ཤུ་སུམ་ཅུའི་ནང་མངོན་གསལ་དོད་པོ་ཆགས་ཀྱི་རེད། ལྷག་པར་དུ་ཁོར་ཡུག་གི་སྐོར་གྱི་རེད། རྒྱ་ནག་སྤྱི་ཡོངས་ཀྱི་ནང་ཆུའི་བརྒྱ་ཆ་བདུན་ཅུ་འཕྲོ་བརླག་ཕྱིན་ཚར་བ་རེད།  བོད་དང་ཁོར་ཡུག་གཙང་ས་ཁུལ་ཁག་ཅིག་ནང་བརྒྱ་ཆ་༣༠ ལྷག་ཡོད་པ་ལས། རྒྱ་ནག་གི་མི་འབྱོར་བརྒྱ་ཆ་༧༠ ཡིས་བཟོ་གྲྭ་ཡི་རྫས་དང་འདྲེས་པའི་ཆུ་འཐུང་གི་ཡོད་པ་མཁས་དབང་ཚོས་བཤད་ཀྱི་ཡོད་པ་རེད། ཡར་རྒྱས་ཕྱིན་པ་ལ་བརྟེན་ནས། ཆུ་དང་གློག།སྣུམ་དང་རྡོ་ཞུན་མང་པོ་དགོས་པ་རེད། མ་འོངས་པར་རྒྱ་ནག་སྤྱི་ཡོངས་ལ་ཆུ་ཡིས་དཀའ་ངལ་འཕྲད་ཀྱི་དང། ད་ལྟའང་པེ་ཅིང་དང། ཧྲང་ཧེ་གྲོང་ཁྱེར་དུ་དུག་རྫས་ཡིས་གནམ་གཤི་ག་འདྲ་རྫོབ་པོ་ཡོད་པ་རེད། དེ་བཞིན་རྒྱ་ནག་གི་སྲིད་བྱུས་ནོར་འཁྲུལ་ལ་བརྟེན་ནས། སྟོན་འབྲས་ཤུགས་ཆེན་སྐྱེ་ཆེད་ཞིང་ནང་དུ་དུག་རྫས་མང་པོ་བརྒྱབ་པས། ཆུ་འཕྲོ་བརླག་དང། ས་ཆ་ཀུ་ལོ་མེ་ཊར་གྲུ་བཞི་མ་སྟོང་ཕྲག་མང་པོ་བྱེ་ཐང་དུ་འགྱུར་གྱི་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་དུ་ལོ་གཅིག་ནང་ས་ཆ་ཀུ་ལོ་མེ་ཊར་གྲུ་བཞི་མ་སྟོང་ཕྲག་སུམ་ཅུ་སོ་བདུན་བྱེ་ཐང་དུ་འགྱུར་འགྲོ་ཡི་འདུག་ཟེར་གྱི་ཡོད་པ་རེད། དེ་ཚོ་ཚང་མ་ད་ལྟ་རྒྱ་ནག་གིས་ངོམ་པའི་ཡར་རྒྱས་ཀྱི་རྣམ་པ་ཕྱི་ལ་སྟོན་གྱི་ཡོད་པའི་རིན་པར་སྤྲོད་དགོས་པའི་གནས་བབས་ཤིག་ཆགས་ཡོད་པ་རེད།
མའོ་ཙེ་ཏུང་སྲིད་བྱུས་ནོར་བ་ལ་བརྟེན་ནས། མདུན་མཆོང་ཆེན་མོའི་སྐབས་གཅིག་པུར་བོད་དང། སོག་པོ། རྒྱ་ནག་ནང་བཅས་སུ་མི་ས་ཡ་སུམ་ཅུ་སོ་དྲུག་ལྟོགས་ཤི་ཐེབས་པ་རེད། དེའི་བརྒྱ་ཆ་སུམ་ཅུ་དེ་གཞུང་འཛིན་མཁན་གྱི་ནོར་འཁྲུལ་འོག་ནས་བྱུང་བ་རེད་ཅེས་རྒྱ་ནག་ཁོ་རང་ཚོའི་ཉམས་ཞིབ་པ་ཚོས་བཤད་ཀྱི་ཡོད་པ་རེད། རིག་གནས་གསར་བརྗེ་སྐབས་གཏོར་བཤིག་དང། མི་ས་ཡ་མང་པོ་རྐྱེན་འདས་སུ་ཕྱིན་པ་རེད། དེ་ཚོ་ལོ་དྲུག་ཅུ་རིང་གི་ལོ་རྒྱུས་དང་འབྲེལ་བ་ཡོད་པ་རེད། ངོམ་ཆོག་པ་ཞིག་རེད་དང་མ་རེད།  རྒྱ་གར་ལྟ་བུ་ཡིན་ན་མི་རིགས་འདྲ་མིན་དང། སྐད་ཡིག་འདྲ་མིན་ག་ཚོད་ཡོད་པ་རེད། ཚང་མར་སྲུང་སྐྱོབ་བྱེད་ཀྱི་འདུག ནཱེ་ཟི་ལན་ཊི་དང། ཨོ་སུ་ཁྲི་ལི་ཡ། ཨ་རི་སོགས་ཀྱིས་གདོད་མའི་མི་རིགས་ཀྱི་གནས་སྟངས་ག་འདྲ་ཡར་རྒྱས་གཏོང་གི་འདུག རྒྱ་ནག་གིས་བོད་པ་དང། སོག་པོ། ཡུ་གུར་མི་རིགས་རྒྱ་རིགས་ལ་སྒྱུར་གྱི་ཡོད་པ་རེད། ཉིན་ཁ་ཤས་སྔོན་བྷི་བྷི་སའི་ནང་ལས་ཀ་བྱེད་མཁན་གྱི་སོག་པོ་ཞིག་ལ་ང་ཐུག་སོང། ཁོས་ང་ཚོ་ལ་བྱེད་རྒྱུ་གང་ཡང་མི་འདུག སོག་པོའི་ས་ཆར་རྒྱ་རིགས་བརྒྱ་ཆ་བརྒྱད་ཅུ་རེད། སོག་རིགས་བརྒྱ་ཆ་༢༠ ལས་ལྷག་མི་འདུག  སྔོན་མ་སོག་པོ་ལ་ག་རེ་བྱས་པ་དེ་ད་ལྟ་བོད་ལ་བྱེད་ཀྱི་ཡོད་པ་ང་ཚོས་མཐོང་གི་འདུག ཁྱེད་རང་ཚོས་ཐབས་ལམ་ག་རེ་ཡིན་ནའང་བྱེད་དགོས་པ་རེད་ཟེར་གྱི་འདུག བོད་ནང་ཡར་རྒྱས་ལ་ཁ་གཡར་ནས། བོད་རྒྱ་ཡུལ་ལ་སྒྱུར་ཆེད་བོད་ལ་ཁེ་ཕན་མེད་པའི་ཌོ་ལར་ཐེར་འབུམ་མང་པོ་འགྲོ་སོང་གཏོང་གི་ཡོད་པ་རེད། བོད་ནང་གི་བོད་མི་ཚོས་ཧུར་ཐག་བྱས་ཏེ། དཀའ་ལས་མྱང་དགོས་ནའང། བོད་ནང་རྒྱ་རིགས་སྡོད་མི་ཐུབ་པའི་ཆེད་དུ་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། དེ་མུ་མཐུད་གནས་དགོས་པའང་རེད་དྲན་གྱི་འདུག
ཉེ་ཆར་རྒྱ་ནག་གི་དཔོན་རིགས་ཚོས་གྲངས་ཉུང་མི་རིགས་ཁག་༥༥ དང་ཧན་མི་རིགས་བཅས་ལ་ཞི་བདེ་དང་མཐུན་ལམ་སྤེལ་མཁན་མི་༦༤༩ དང། སྒྲིག་འཛུགས་༦༣༩ ལ་བྱ་དགའ་གཟེངས་རྟགས་སྤྲད་པ་ཡིན་ཟེར་གྱི་འདུག རྒྱ་གར་རང་བཙན་ཐོབ་ནས་ད་ལྟའི་བར་མི་རིགས་མཐུན་ལམ་སྤེལ་མཁན་རེད་ཟེར་ནས་བྱ་དགའ་སྤྲོད་མྱོང་ཡོད་པ་མ་རེད། རྒྱལ་ཁབ་ནང་ལྷིང་འཇགས་ཡོད་པ་རེད། རྒྱ་ནག་གིས་ཕྱིའི་འཛམ་གླིང་ལ་སྟོན་ཆེད་གྲངས་ཉུང་མི་རིགས་རྣམས་ལ་མཐུན་ལམ་ཡོད། དེ་ཚོར་བྱ་དགའ་སྤྲོད་ཀྱི་ཡོད་ཅེས་ཤུགས་ཆེན་པོ་བཤད་དགོས་པ་དེའི་རྒྱབ་ན་མཐུན་པོ་མེད་པ་དང། རྒྱ་ནག་གཞུང་གི་སྲིད་བྱུས་ནོར་བ་ཡིས་གྲངས་ཉུང་མི་རིགས་རྣམས་འདོད་པ་ཁེངས་ཀྱི་མེད་པ་གསལ་པོ་རེད། རྒྱ་ནག་ལ་གཟི་བརྗོད་ལྡན་པའི་ཆེ་མཐོང་དགོས་ན་ལས་ཀ་བྱེད་སྟངས་ཡར་རྒྱས་གཏོང་དགོས་པ་རེད། རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ལ་འབྲེལ་བ་བྱེད་སྐབས། སོ་སོ་ནང་བཞིན་སྤྱོད་པ་ལོག་མཁན་ཚོར་རོགས་སྐྱོར་བྱེད་ཀྱི་ཡོད་པ་རེད། ཀོ་རི་ཡ། འབར་མ། པཱ་ཀི་སི་ཐན། ཨེ་རན། ཨེ་སུ་པེ་ཁན། ཛུན་ཏ་ཝེ་ལྟ་བུ་སོགས་སོ་སོ་མི་རིགས་ལ་སྡུག་པོ་གཏོང་མཁན་ཚང་མ་ལ་རོགས་པ་བྱེད་ཀྱི་རེད། མཉམ་འབྲེལ་རྒྱལ་ཚོགས་ལྟ་བུའི་སྒྲིག་འཛུགས་ཆེ་ཁག་ནང་འོས་ཤོག་གི་རྒྱབ་སྐྱོར་རག་ཆེད་རེད། ཨ་ཧྤི་རི་ཁ་དེ་ཚོའི་ནང་རྒྱ་ནག་གིས་མེ་འཁོར་ལྕགས་ལམ་དང། སློབ་གྲྭ་རྒྱག་གི་ཡོད་པ་རེད་མོད། ལས་གཞི་དེ་ཚོ་ཡུལ་དེའི་མི་ལ་ལས་ཀ་བྱེད་འཇུག་གི་ཡོད་པ་མ་རེད། རྒྱ་མི་གཏོང་གི་ཡོད་པ་རེད། རོགས་སྐྱོར་གྱི་ཚབ་ལ་རྒྱལ་ཁབ་དེ་ཚོའི་ནང་གི་རང་བྱུང་ཐོན་ཁོངས་ཚང་མ་རྒྱ་ནག་ལ་དབོར་འདྲེན་བྱེད་ཀྱི་ཡོད་པ་རེད་ཅེས་རྒྱ་ནག་གི་གནས་བབས་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།།

Share this:
༦༨ ཀློག་གྲངས།