བོད་མདོ་སྨད་ཅོ་ནེ་རྫོང་ཁོངས་ནས་བུད་མེད་ཅིག་གི་རང་སྲེག

ཟླ་འདིའི་ཚེས་༢༧ ཉིན་གྱི་ཞོགས་པའི་སྔ་པོ་ཆུ་ཚོད་བོད་ནང་གི་ཆུ་ཚོད་༤ ཙམ་ལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཅོ་ནེ་རྫོང་ཁོངས། ཆབ་བུ་གཤིས་སམ་ཉིན་པ་ཡུལ་ཚོ་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་ཉེ་འདབས། རྒྱ་གཞུང་སྤྱི་བདེ་ཉེན་རྟོག་པ་དང་དམག་མི། ལས་དོན་རུ་ཁག་བཅས་མཉམ་སྡོད་བྱེད་ས་(分局) རུ་བོད་མི་་སངས་རྒྱས་མཚོ་ཞེས་པས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་འདུག

11206030_770958586335537_334252592445096012_nའབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། ད་ལྟ་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་དང་ཉེན་རྟོག་པ་མོ་རང་གི་ཁྱིམ་དུ་ཡོང་ནས་ཁྱིམ་མི་ཚོར་འདྲི་གཅོད་དང་འགྲོ་འོང་བཀག་སྡོམ་ཤུགས་ཆེན་པོ་བྱེད་བཞིན་ཡོད་འདུག

མཚན་མོ་དེའི་ཆུ་ཚོད་ ༣།༡༠ ཡས་མས་ལ་མོ་རང་གི་སྐད་འཕྲིན་ནང་སྐད་ཆ་ཁ་ཤས་བཤད་ཡོད་སྟབས། ནང་མི་ཚོས་སེམས་འཚབ་ཆེན་པོས་ཡར་མར་བརྩད་གཅོད་བྱས་ཀྱང་མ་རྙེད་པ་དང་། ཚེས་༢༧ ཉིན་གྱི་ཞོགས་པ་ཁོང་མོས་རང་ལུས་མེར་སྲེག་གནང་སྟེ་ཕུང་བོ་རྒྱ་གཞུང་གིས་ཁྱེར་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག སྐད་འཕྲིན་ནང་དུ་ག་རེ་བཤད་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་རེད།

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། སངས་རྒྱས་མཚོའི་རང་ལུས་མེར་སྲེག་གཏོང་ཡུལ་གྱི་རྒྱ་གཞུང་ལས་ཁུངས་དེ་སྔོན་མ་ཆུང་ཆུང་ཞིག་ལས་མེད་ཀྱང་། ༢༠༠༨ ལོའི་ས་བྱི་ཞི་རྒོལ་བྱུང་སྐབས། ས་གནས་དེའི་དགེ་འདུན་པ་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བརྟེན། རྗེས་སུ་ལས་ཁུངས་དེ་སྔར་ལས་རྒྱ་སྐྱེད་བཏང་ཡོད་འདུག ས་གནས་བོད་རིགས་མང་ཚོགས་ལ་མནར་གཅོད་གཏོང་མཁན་རྒྱ་ནག་གཞུང་གི་ལས་ཁུངས་དེའི་སྒོ་ཁར་རང་ལུས་མེར་སྲེག་བཏང་བ་དེ་ནི་ཆབ་སྲིད་ཀྱི་རྣམ་འགྱུར་ཆེན་པོ་ཞིག་ཆགས་ཡོད་འདུག

ད་ལྟ་ཁོང་རང་ལོ་ ༣༦ ཡིན་ཞིང་། ཁྱོ་གའི་མིང་ལ་རྟ་མགྲིན་དབང་རྒྱལ་དང་། ཁོང་གཉིས་ལ་ཚེ་རིང་དོན་འགྲུབ་ཅེས་པའི་བུ་ཞིག་དང་། མཁའ་འཚོ་ཞེས་པའི་བུ་མོ་ཞིག་ཡོད་འདུག།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༩༨ ཀློག་གྲངས།