བོད་ཀྱི་ཡིག་གཟུགས་སྒྱུར་བཅོས།

 ཀ དེང་དུས་འཕྲུལ་ཆས་དང་ཡིག་གཟུགས་དབར་གྱི་མཁོ་སྤྱོད།

 

དུས་རབས་བདུན་པའི་ནང་དུ། སྲོང་བཙན་གྱིས་ཐོན་མི་ལ་བཀའ་མངགས་ལྟར་བོད་ཀྱི་སྐད་དང་མཐུན་པའི་ཡིག་གཟུགས་འདི་ཉིད་གསར་བཟོ་ཡིག་ཆ་འགའ་ཤས་ནང༌། བོད་ཀྱི་ཡིག་གཟུགས་ཐོནམིས་ཕྱི་ལོ་ ༦༤༦ ལོར་བཟོས་པར་འདོད།མཛད་ནས་བཟུང༌། ད་བར་ཆོས་ཕྱོགས་ཀྱི་བྱ་གཞག་གཙོས་པའི་སྟོད་ལ་དྭགས་ནས་སྨད་ཨ་མདོའི་བར་བོད་ཀྱི་རྒྱལ་ཁམས་ཀུན་ཏུ་འཁོར་རྒྱུག་ཧ་ཅང་གིས་ཆེ་བའི་ཁར། རྗེ་ཙོང་ཁ་པའི་སྐབས་ནས་ཤིང་པར་བརྐོས་རྗེས་བོད་ཀྱི་ཡིག་གཟུགས་ནི་གཅིག་གྱུར་སྲ་བརྟན་ཡུན་གནས་ཐུབ་ཡོད་ལུགས་བཤད།

དུས་རབས་ཉེར་གཅིག་གི་གཡས་གཡོན་འདི་ནས་རྒྱལ་ཁབ་དང༌། གླིང་ཕྲན། མི་རིགས་སུ་འདྲ་ཞིག་ཡིན་ནའང་མགྱོགས་མྱུར་ཆེ་བའི་ཡར་རྒྱས་ལ་རྔམ་ཁ་ཟབ་ཅིང༌། ཡར་རྒྱས་དེ་དག་ཀྱང་མང་དག་གློག་རྡུལ་དང་འབྲེལ་བ་ཆེན་པོར་གྱུར་ཏེ། དེང་དུས་སྤྱི་ཚོགས་ནང་དུ་ཡིག་གེ་འབྲི་སའི་མཁོ་སྤྱོད་ཁྱབ་རྒྱ་ཆེ་ཤོས་གློག་ཀླད་སོགས་འཕྲུལ་ཆས་མང་ཞིང༌། དེ་དག་གི་ནང་དུ་ཡོད་པའི་ཡིག་གཟུགས་ཨ་མ་ནི་དབྱིན་ཇིའི་ཡིག་གཟུགས་ཡིན་སྟབས། ཡིག་གཟུགས་གཞན་པ་གང་འདྲ་ཞིག་ཡིན་ནའང་དབྱིན་ཡིག་ལྟར་བེད་སྤྱོད་མི་ཐུབ་པའི་ཚོད་འཛིན་ཤུགས་ཆེན་ཡོད་པ་མངོན་སུམ་རེད།

 

ཁ། བོད་ཀྱི་ཡིག་གཟུགས་དབྱིན་ཇིའི་ཡིག་གཟུགས་ནང་དུ་འཕོ་འགྱུར་བཏང་བའི་དགེ་མཚན།

 

གཤམ་དུ་དཔེ་མཚོན་བཀོད་པ་ལྟར། རང་རེས་བཀོལ་སྤྱོད་བྱེད་བཞིན་པའི་བོད་ཀྱི་ཡིག་གཟུགས་འདི་ཉིད་དབྱིན་ཇིའི་ཡིག་གཟུགས་ནང་དུ་གྲོང་འཇུག་ལྟར་འཕོ་འགྱུར་གཏོང་ཐུབ་ན་ཕན་ཆ་ཆེན་པོ་ཞིག་ཡོད་ངེས་སུ་མཐོང༌། གང་ལགས་ཤེ་ན། གནའ་དུས་སུ་ཡིག་གཟུགས་བཀོལ་སྤྱོད་བྱེད་སའི་ཁྱབ་རྒྱ་ལ་ལྕགས་པར་དང༌། ཤིང་པར། ལག་བྲིས་ཙམ་གྱི་ར་བ་ལས་མི་འགོང་ཞིང༌། དེ་དག་བཀོལ་སྤྱོད་བྱེད་པར་ཡིག་གཟུགས་གང་འདྲ་ཞིག་ཡིན་ནའང་ཁྱད་པར་ཅང་མེད་པ་རེད།

དེང་དུས་འཛམ་གླིང་འདི་ཡང་རང་གི་ཁྱིམ་ཚང་ལྟར་ཆུང་ཆུང་ཞིག་ཏུ་འགྱུར་བཞིན་པར། གློག་ཀླད་གཙོས་པའི་ཡར་རྒྱས་ཅན་གྱི་གློག་འཕྲུལ་འདྲ་མིན་གྱི་ཐོག་ནས་ཡིག་འབྲེལ་བརྡ་འཕྲིན་བེད་སྤྱོད་ཧ་ཅང་གིས་ཆེ་ལ་མྱུར་བའི་སྟོབས་ཀྱིས། དབྱིན་ཡིག་གཙོས་པའི་དབྱིན་ཡིག་དང་ཀ་ཕྲེང་འདྲ་བའི་ཡིག་གཟུགས་འགའ་ཤས་ཙམ་མ་གཏོགས་ཡིག་གཟུགས་གཞན་པ་ཚང་མ་དེང་དུས་བེད་སྤྱོད་དང་འཁོར་རྒྱུག་འདྲ་མཉམ་བྱེད་མི་ཐུབ་པའི་རང་བཞིན་ལ་ཚོད་འཛིན་གྱི་དྲ་རྒྱ་དམ་དུ་འགྲོ་གིན་ཡོད་པ་དངོས་ཡོད་གནས་ཚུལ་གྱིས་ར་སྤྲོད་འབྱུང་བཞིན་པ་རེད། དེས་ན། ད་ལྟའི་བོད་ཀྱི་ཡིག་གཟུགས་འདི་ཉིད་དུས་རབས་དང་འཚམ་པའི་བཀོལ་བདེ་བེད་ཆེན་ཞིག་འབྱུང་བའི་ཆེད་དུ་དབྱིན་ཇིའི་ཡིག་གཟུགས་ནང་ལ་གྲོང་འཇུག་ལྟ་བུའི་འཕོ་འགྱུར་རམ་སྒྱུར་བཅོས་ཐེངས་ཤིག་གཏང་ན། མ་འོངས་ཕུགས་རྒྱང་ལ་དགེ་ཕན་ཆ་ཧང་གི་ཆེན་པོ་ཞིག་འབྱུང་ངེས་སུ་བསམས་ནས་གཤམ་བཀོད་ལྟར་ཡིག་གཟུགས་གསར་པ་འབྲི་སྟངས་བཀོད་སྒྲིག་ཐེངས་ཤིག་བྱས་པ་ཡིན།

 

ག བོད་ཀྱི་ཡིག་གཟུགས་དབྱིན་ཇིའི་ཡིག་གཟུགས་ནང་དུ་འཕོ་འགྱུར་བཀོལ་སྤྱོད་དཔེ་མཚོན།

དང་པོ། ཀ་སོགས་སུམ་ཅུ་རེ་རེའི་མཚོན་དོན་ཡིག་གཟུགས་བཀོད་སྒྲིག

 

ཀ་=K) ཁ་=Q) (ག་=G) ང་=F) (ཅ་=C) (ཆ་=CH) (ཇ་=J) (ཉ་=NY) (ཏ་=T) (ཐ་=TH) (ད་=D) (ན་=N) (པ་=P) (ཕ་=PH) (བ་=B) (མ་=M) (ཙ་=X) (ཚ་=XH) (ཛ་=ZH) (ཝ་=W) (ཞ་=DZ) (ཟ་=Z) (འ་=V) (ཡ་=Y) (ར་=R) (ལ་=L) (ཤ་=SH) (ས་=S) (ཧ་=H) (ཨ་=A) བཅས་སོ། །

 

གཉིས་པ། དབྱངས་བཞིའི་མཚོན་དོན་ཡིག་གཟུགས་བཀོད་སྒྲིག

(གི་གུ་=I) (ཞབས་ཀྱུ་=U) (འགྲེང་བུ་=E) (ན་རོ་=O) བཅས་སོ། །

 

གསུམ་པ། སྔོན་འཇུག་ལྔའི་མཚོན་དོན་ཡིག་གཟུགས་བཀོད་སྒྲིག

(ག་=G) (ད་=D)(བ་=B) (མ་=M) (འ་=V)རྣམས་སོ། །

 

བཞི་པ། རྗེས་འཇུག་བཅུའི་མཚོན་དོན་ཡིག་གཟུགས་བཀོད་སྒྲིག

(ག་=G) (ང་=F) (ད་=D) (ན་=N) (བ་=B) (མ་=M) (འ་=V) (ར་=R) (ལ་=L) (ས་=S)བཅས་སོ། །

 

ལྔ་པ། ཡང་འཇུག་གཉིས་ཀྱི་མཚོན་དོན་ཡིག་གཟུགས་བཀོད་སྒྲིག

(ད་=D) (ས་=S)གཉིས་སོ། །

 

དྲུག་པ། མགོ་ཅན་གསུམ་གྱི་སྦྱོར་སྟངས་བཀོད་སྒྲིག

 

༡ར་མགོ་བཅུ་གཉིས། (རྐ་=RK) (རྒ་=RGA)(རྔ་=RFA) (རྗ་=RJ) (རྙ་=RNY) (རྟ་=RT) (རྡ་=RDA)(རྣ་=RNA) (རྦ་=RBA) (རྨ་=RMA) (རྩ་=RX) (རྫ་=RZH) ༢ལ་མགོ་དགུ། (ལྐ་=LK) (ལྒ་=LGA)(ལྔ་=LFA) (ལྕ་=LC) (ལྗ་=LJ) (ལྟ་=LT) (ལྡ་=LDA) (ལྤ་=LP) (ལྦ་=LBA) ༣ས་མགོ་བཅུ་གཅིག (སྐ་=SK) (སྒ་=SGA) (སྔ་=SFA) (་སྙ་=SNY) (སྟ་=ST) (སྡ་=SDA) (སྣ་=SNA) (སྤ་=SP) (སྦ་=SBA) (སྨ་=SMA) (སྩ་=SX)བཅས་སོ། །

 

བདུན་པ། འདོགས་ཅན་བཞིའི་ཡིག་གཟུགས་མཚོན་དོན་བཀོད་སྒྲིག

 

༡ཡ་བཏགས་བདུན། (ཀྱ་=KY) (ཁྱ་=QY)(གྱ་=GY) (པྱ་=PY) (ཕྱ་=PHY) (བྱ་=BY) (མྱ་=MY) ༢ར་བཏགས་བཅུ་གཉིས། (ཀྲ་=KRA) (ཁྲ་=QRA) (གྲ་=GRA) (ཏྲ་=TRA) (དྲ་=DRA) (ནྲ་=NRA) (པྲ་=PRA) (ཕྲ་=PHRA) (བྲ་=BRA) (མྲ་=MRA) (ཤྲ་=SHRA) (སྲ་=SRA) (ཧྲ་=HRA) ༣ལ་བཏགས་དྲུག (ཀླ་=KLA) (གླ་=GLA) (བླ་=BLA) (ཟླ་=ZLA) (རླ་=RLA) (སླ་=SLA) ༤ཝ་བཏགས་བཀོལ་སྤྱོད་བྱེད་སྟངས་ང་སྡེའི་ནང་དུ་གཟིགས་པར་འཚལ་ལོ།།

 

ང༌། ཝ་ཟུར་དང་འ་ཆུང་བེད་སྤྱོད་གཏོང་སྟངས་བཀོད་སྒྲིག

དང་པོ་ཝ་ཟུར། དབྱངས་ཡིག་མེད་སར་མིང་གཞི་དང༌། མགོ་འདོགས་སོགས་མི་ནོར་བའི་ཆེད་དུ་ཝ་བཏགས་སམ་ཝ་ཟུར་ལྟ་བུ་ལ་ཨ་(A)ཡིག་བེད་སྤྱོད་གཏོང་རྒྱུ་བཟོས་ཡོད། དཔེར་ན། ༡དགས་དང་དྭགས་སོགས་སྔོན་འཇུག་དང་མིང་གཞི་མི་ནོར་བར། (དགས་)ལ་(DGS)དང༌། ། (དྭགས་)ལ་(DAGS)ལྟ་བུར་ཨ་(A)མིང་གཞིའི་རྗེས་སུ་འབྲི་དགོས། ༢མིང་གཞི་དང་ཡ་བཏགས་མི་ནོར་བར། (གཡང་)ལ་(GYF) (གྱང་)ལ་(GYAF)འདི་ལྟར་འབྲི་རྒྱུ། ༣དབྱངས་མེད་མགོ་འདོགས་སོགས་ལ། མགོ་ཅན་གསུམ་དང་དག་ཆ་ནོར་དོགས་ཡོད་ས། (རངས་)ལ་(RFS) (ལངས་)ལ་(LFS) (སངས་)ལ་(SFS) ལྟ་བུ་དང༌། (རྔས༌།)ལ་(RFAS) (ལྔས༌།)ལ་(LFAS) སྔས༌།)ལ་(SFAS)ལྟ་བུའོ། །འདི་དང་འདི་འདྲ་བ་གཞན་ལའང་རིགས་འགྲེས་ཀྱིས་ཤེས་ནུས་སོ། །༤གལ་ཏེ་དག་ཆ་གཞན་དང་ནོར་ས་མེད་པའི་རིགས་ལ་ཨ་(A)ཡིག་བཀོལ་སྤྱོད་བྱེད་མི་དགོས་ཏེ། དཔེར་ན། (སང་)ལ་(SF) (རང)ལ་(RF) (ལང་)ལ་(LF)ལྟ་བུར་འབྲི་ན་འགྲིག ཝ་བཏགས་སམ་ཝ་ཟུར་གྱི་ཚབ་བམ། མགོ་འདོགས་ཡོད་པའི་སྡེབ་སྦྱོར་འགའ་ཤས་ཡི་གེའི་དག་ཆ་དང༌། ཀློག་སྟངས་མི་ནོར་བའི་ཆེད་དུ་ཨ་(A)ཡིག་བེད་སྤྱོད་བཏང་ཡོད་པ་ལས། ཨ་(A)ཡིག་དབྱངས་སུ་འདོད་དེ་བེད་སྤྱོད་བཏང་བ་དེ་འདྲ་མིན་ནོ། །ལ་ལས། དབྱངས་ལྔ་ལྟར་བཟོས་ཏེ་སྡེབ་སྦྱོར་བྱེད་སྲིད་ཀྱང་ཡིག་ཚོགས་མང་བའི་སྐྱོན་ཙམ་ལས་ཕན་ཆ་མ་མཐོང་ངོ༌། །གང་ལྟར། ཡི་གེ་དག་སྦྱོར་ལ་མཁས་དགོས་ན། ལུགས་སྲོལ་ཞིག་གཙིགས་འཛིན་གྱིས་བྲིས་བྱང་ཐེབས་དགོས་པ་ལས། དེ་ལས་འགོངས་ཏེ་ཚད་མ་རིག་པ་ལྟ་བུས་བརྡར་ཤ་བཅད་དྲགས་ན་རང་ཉིད་ཀྱི་བློ་ལ་འཆར་རྒྱུ་མེད་པའི་སྟོང་ཉིད་ལ་འགྱུར་མི་སྲིད་པའང་མིན།

གཉིས་པ་འ་ཆུང༌། འ་ཆུང་གི་ཚབ་ཏུ། འ་(V)ཡིག་བེད་སྤྱོད་གཏོང་རྒྱུ་བཟོས་ཡོད། འ་(V)ཆུང་བེད་སྤྱོད་གཏོང་སྟངས། དཔེར་ན། (་ཤཱཀྱ་)ལ་(SHVK KY)ལྟ་བུ་དང༌། ཡང་ན། (ལོ་ཙཱ་བ་)ལ་(LO XV B)ལྟ་བུ་ཡིན།

 

ཅ། ཚེག་ཤད་སོགས་འབྲི་སྟངས་བཀོད་སྒྲིག

 

དང་པོ། ཡི་གེ་འབྲི་བར་རོགས་འདེགས་ལ་ཚེག་ཤད་ཀྱི་ཚབ་མཚོན་བརྡ་རྟགས་རི་མོ་འགའ་ཤས་དགོས་ངེས་ལ། ༡)རྗོད་པའི་ཕྲེང་བ་ཞིག་གི་ནང་དུ་ཤད་མང་པོ་བརྒྱབ་ཏེ་གཅོད་མཚམས་ཡང་ཡང་བྱེད་དགོས་རིགས་ལ། (ཤད་མཆུའམ། གཅོད་རྟགས་=,) (དབྱིན་ཇིས་འདི་ལ་ཀོ་མ་ཟེར། ,=coma) འདི་འབྲི་རྒྱུར་བཟོས་ཡོད། དཔེར་བརྗོད། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་རྣམས་ནི་དབང་པོ་ལྔའོ།  །(MIG DF, RNA B DF, SNA DF, LCE DF, LUS DF, YID RNAMS NI DBF PO LFA’VO.) འདི་ལྟ་བུ་ཡིན། ༢)སྐབས་བབ་ཀྱི་བརྗོད་བྱ་ཐུང་ངུ་ཞིག་རྫོགས་པ་དང༌། འབྲིང་ཙམ་རྫོགས་པ། དོན་ཚན་ཆེན་མོ་རྫོགས་པ། ཡང་ན། ལེའུའི་བཅས་ཀྱི་མཚམས་སུ། (རྫོགས་རྟགས་གམ། རྫོགས་ཐིག་=.) (དབྱིན་ཇིས་འདི་ལ་ཕུལ་སི་ཊིབ་ཟེར། .=full stop) འདི་འབྲི་རྒྱུ་བཟོས་ཡོད། བེད་སྤྱོད་ཤེས་སླའོ། །༣)སྦྲུལ་ཤད་བེད་སྤྱོད་དགོས་སར། (སྐར་ཚེག་གམ། པད་རྟགས་=*) འདི་འབྲི་རྒྱུ་བཟོས་ཡོད། སྦྲུལ་ཤད་ནི་ལེའུ་ཚན་མང་པོ་ཡོད་པའི་དུམ་མཚམས་རེ་རེའི་མགོར་བེད་སྤྱོད་བྱེད་སྲོལ་ཡོད་པ་ལྟར་འབྲི་དགོས། མཛད་བརྒྱ་དཔག་བསམ་འཁྲི་ཤིང་དང༌། མདོ་མཛངས་བླུན་སོགས་ལ་བལྟས་ན་ཤེས་ཐུབ། ༤)རིན་ཆེན་སྤུངས་ཤད་ཀྱི་ཚབ་ཏུ། (ཤད་ཁྲ།= #) འདི་འབྲི་རྒྱུ་བཟོས་ཡོད། རིན་ཆེན་སྤུངས་ཤད་ནི། ཚིགས་བཅད་དང༌། ཡང་ན། ཚིག་ལྷུག་གང་ཡིན་ནའང་གཞུང་ལུགས་ག་གེ་མོའི་ནང་དུ་ཚིག་ཐུང་ངུ་མང་པོས་དོན་མི་འདྲ་བའི་མགོ་འཛུགས་བྱེད་པའི་བརྡ་རྟགས་ལ་བཀོལ་སྤྱོད་བྱེད་སྲོལ་ཡོད། ཚད་མ་རྣམ་འགྲེལ་གྱི་རྩ་བ་སོགས་ལ་བལྟས་ན་ཤེས་ཐུབ། ༤)ཡིག་འབྲུ་གཉིས་རེ་མཉམ་དུ་འབྲི་ཞིང་ཀློག་དགོས་པའི་རིགས་འགའ་ཤས་ཡོད་པར། (སྡོམ་ཚེག=) (དབྱིན་ཇིས་འདི་ལ་ཨེ་ཕོས་ཊོ་པི་ཟེར།  =apostrophe)ཀྱི་བརྡ་རྟགས་འདི་ཉིད་གསར་པ་བཟོས་ཏེ་བེད་སྤྱོད་གཏོང་རྒྱུ་བཟོས་ཡོད། བེད་སྤྱོད་དཔེ་མཚོན། (བྱའི་=BY’VI) (ལེའུ་=LE’VU)འདི་ལྟ་བུའི་མཚམས་སུ་སྤྱོད་དགོས། །༤)གཏེར་ཤད་ཀྱི་ཚབ་ཏུ། (གཏེར་རྟགས་སམ། གཏེར་ཚེག=:) (དབྱིན་ཇིས་འདི་ལ་ཀོ་ལོན་ཟེར། :=colon) འདི་བེད་སྤྱོད་གཏོང་རྒྱུད་བཟོས་ཡོད། པད་མ་བཀའ་ཐང་སོགས་ཀྱི་ནང་དུ་བལྟས་ན་ཤེས་ཐུབ་བོ།།

གཉིས་པ། ཞོར་འཕྲོས་བརྡ་རྟགས་ཁག་ཅིག ༡)དྲི་རྟགས་དགོས་གལ་ལ། (འདྲི་རྟགས།=?) ༢)རང་ཉིད་ཀྱི་རྩོམ་ཡིག་ལྟ་བུའི་ནང་དུ་དཔེ་ཆ་གཞན་ནས་ལུང་འདྲེན་བྱེད་ཚེ། དཔེ་ཆའི་མིང་གུང་རྟགས་<< >>འདིའི་ནང་དུ་བླུག་དགོས། དཔེར་ན། <<མདོ་མཛངས་བླུན་>>ལས། ལྟ་བུའོ། ༢)མ་རང་པའི་ཚིག་དང༌། གསལ་བཤད་ཀྱི་ཡིག་ཆུང་སོགས་འབྲི་དགོས་ན་གུང་རྟགས་( )འདིའི་ནང་དུ་བླུག་དགོས། དཔེར་ན། དང་པོ། རྒྱ་ནག་གིས། (ཡང་དག་པ)འི་གུང་ཁྲན་རིང་ལུགས་ལ་དགའ་བསུ་ཞུ་དགོས་ཟེར་གྱི་ཡོད་ལྟ་བུའོ། །འདི་ལྟ་བུ་གུང་རྟགས་ནང་གང་བླུགས་འདུག་པ་དེ་ནི། དོན་ལ་ཡང་དག་པ་མ་ཡིན་པའི་ངོས་འཛིན་ཐོག མ་རང་པའི་རྣམ་འགྱུར་ཐོན་པའི་བརྡ་རྟགས་ཡིན། གཉིས་པ། གསལ་བཤད་དཔེར་བརྗོད་ནི། (འདིའི་སྐོར་ལྟ་འདོད་ན། དེབ་ཕྲེང་གཞན་དུས་ཤེས་པར་བྱའོ། །) ཞེས་པ་ལྟ་བུའོ།། ༤)རང་གི་རྩོམ་ཡིག་སོགས་ཀྱི་ནང་དུ། གང་ཟག་གཉིས་པའི་སྐད་ཆ་ལུང་དུ་དྲང་དགོས་ན། (ལུང་བརྟག་=“ ”)འདིའི་ནང་དུ་བླུག་དགོས། དཔེར་ན། ྋགོང་ས་མཆོག་གིས། “མི་ལོ་སུམ་ཅུའི་རིང་ལ་བོད་མིའི་ཤེས་ཡོན་ཐུར་ཤོར་འགྲོ་འདུག་”ཅེས་གསུངས་ཡོད་པ་རེད་ལྟ་བུའོ། །༥)རང་གི་རྩོམ་ཡིག་སོགས་ཀྱི་ནང་དུ། གང་ཟག་གཉིས་པས་གང་ཟག་གཞན་ཞིག་གི་ལུང་འདྲེན་བྱས་པའི་རིགས། (ལུང་རྟགས་=’ ‘)འདིའི་ནང་དུ་བླུག་རྒྱུར་བཟོས་ཡོད། དཔེར་ན། ངས་ཐོས་དོན་ལ། བཀྲ་ཤིས་ཀྱིས། “ཟམ་གདོང་བླ་མས་ཤེས་ཡོན་སྲིད་ཇུས་གསར་པ་བཟོས་པ་དེ་ནི་ཧ་ཅང་ལེགས་པར་མཐོང་བྱུང༌། དེའི་སྐོར་དོན་གྲུབ་ཀྱིས། ‘ཟམ་གདོང་བླ་མས་ཤེས་ཡོན་སྲིད་ཇུས་གསར་པ་བཟོས་པ་དེ་ནི། བོད་ཀྱི་རིག་གཞུང་ཐད་ཕུགས་རྒྱང་ལ་ཕན་པའི་རྣམ་དཔྱོད་ཀྱི་ཐོག་ནས་ཐུགས་བསམ་བླ་ན་མེད་པ་ཞིག་བཞེས་པ་རེད་’ ཅེས་གསུངས་འདུག ངོས་ནས་ཀྱང་དེ་བཞིན་དོན་ལ་གནས་པར་བསམ་གྱི་ཡོད་”ཅེས་གསུངས་བྱུང་ལྟ་བུའོ། །༦)ཧ་ལས་པ་དང༌། ཡ་མཚན་པའི་གནས་ཚུལ་དུ་བྱུང་ན་བརྡ་རྟགས་འདི་ཉིད་འབྲི་རྒྱུ་བཟོས་ཡོད། (ཡ་མཚན་བརྡ་རྟགས་=!)འདི་བཞིན་བརྡ་རྟགས་མང་དུ་ཡོད་པས་རིམ་བཞིན་བཀོད་སྒྲིག་བྱའོ།།

 

ཆ། བསྒྱུར་ཟིན་པའི་ཡིག་གཟུགས་མུ་འབྲེལ་བེད་སྤྱོད་བཏང་བའི་དཔེ་མཚོན།

 

(བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག)འདི་ལྟ་བུ་འབྲི་ན། (BKRA SHIS BDE LEGS PHUN SUM TSOGS PR SHOG.)ཅེས་དང༌། ཡང་ན། (ལྷ་གང་དུ་ཡོད་ས་དེ་ན་བདུན་དཔུང་ཡོད།)འདི་ལྟ་བུ་འབྲི་ན། (LHA GF DU YOD S DE N BDUD DPUNG YOD.)ཅེས་དང༌། དབྱངས་ཡིག་མེད་པ། (གངས་ཅན་པ་རྣམས་ཤ་མར་རྩམ་པ་ཟ་བར་དགའ།)འདི་ལྟ་བུ་འབྲི་ན། (GFS CN P RNAMS SH MR RXM P Z BR DGV.)ཞེས་པ་ལྟ་བུ་ཡིན། ཡང་ན། སྦྱང་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ནའང་ཡོད་མ་ཡིན། ། (SBYFS N SLA BR MI VGYUR B’VI. DFOS DE GF N’VF YOD M YIN.)འདི་ལྟ་བུ་འབྲི་དགོས།

དབྱིན་ཇིའི་ཡིག་གཟུགས་ནང་དུ་འཕྲེད་ལ་བསྟར་བའི་ཡིག་གཟུགས་རིང་ཤོས་ནི།  (NEMONIAULTRAMICROSCOPESILICONOVALCANOCOSNOCIOUS) འདི་འདྲ་དང༌། ཡང་ན་དེ་ལས་ཅུང་ཟད་ཐུང་བ། (SUPERCALIFRAGULISTRICEXPELIADOIOUS)འདི་འདྲ་ཡོད་པར་ཐོས་ཤིང༌། དུས་རྒྱུན་སྤྱི་བཏང་འཁོར་རྒྱུག་ཆེ་བའི་ནང་དུ་དབྱིན་ཡིག་རིང་ཆ་ལ། (SUCCESSFULLY) འདིའི་རིགས་བརྒྱ་ཆ་མང་དག་ཟིན་གྱི་ཡོད་ཀྱང༌། སྒྱུར་ཡིག་འདི་ཉིད་འཇམ་སྔགས་གང་ཞིག་བྲིས་པའི་འཕྲེད་ལ་བསྟར་ན་ཡིག་གཟུགས་རིང་ཤོས། (བསྒྲུབས་) ལྟ་བུ་བྲིས་ན་(BSGRUBS) འདི་ལས་རིང་བ་ཕལ་ཆེར་འོང་མི་སྲིད་ལྟ་བུ་རེད་འདུག

 

ཇ། བོད་ཀྱི་ཡིག་གཟུགས་འཕོ་འགྱུར་བཏང་བའི་དགེ་མཚན་ཟུར་འདོན།

 

བོད་ཀྱི་ཡིག་གཟུགས་སྒྱུར་བཅོས་གཏོང་ན་དགེ་མཚན་ཇི་ཡོད་འགའ་ཤས་གནས་ཚུལ་ཁག་དང་སྐབས་འབྲེལ་སྦྱར་ནས་བཤད་ཟིན། འོན་ཀྱང༌། འདི་ན་དམིགས་བཀར་གྱིས་བཤད་ན། ༡)བོད་ཀྱི་ཡིག་གཟུགས་དབྱིན་ཡིག་གི་ཡིག་གཟུགས་ལ་སྒྱུར་བཅོས་བཏང་ན་གློག་ཀླད་ནང་དུ་འབྲི་བདེ་ཞིང་དཀའ་ཚེགས་སྤུ་ཙམ་མེད་པ། ༢)ཡིག་གཟུགས་དེ་ཉིད་རྐང་པ་རིང་ཐུང་གི་ཁྱད་པར་སོགས་མི་འབྱུང་བ། ༣)དབྱིན་ཡིག་ལྟར་འབྲི་ཆོག་པས། དབྱངས་བཞི་དང༌། མགོ་འདོགས་སོགས་ཀྱིས་གོང་འོག་ནས་ཟང་ཟིང་མི་འབྱུང་ལ། དེའི་དབང་གིས་ཅ་དངོས་སོགས་ལ་བྲིས་ཀྱང་འབྲི་བདེ་བའི་དགེ་མཚན་ཁྱད་དུ་འཕགས་པ། ༤)རྒྱུ་འགྲོ་དཀའ་སྡུག་དང༌། གློག་ཀླད་ནང་དུ་འབྲི་བར་དཀའ་ཚེགས་ཆེ་ལ་གྲུབ་འབྲས་ཞན་པའི་ད་ལྟའི་བོད་ཡིག་ཡིག་གཟུགས་མང་པོ་ཡོད་པ་འདི་བཞིན་གསར་བཟོ་འདྲ་མིན་བྱ་མི་དགོས་པ། ༥)བོད་ཡིག་དབྱིན་ཡིག་ལྟར་འབྲི་ཆོག་པས་གློག་ཀླད་ནང་གི་དབྱིན་ཡིག་དེ་ཉིད་བོད་པ་རང་ཉིད་ཀྱིས་བཟོས་པ་ལྟར་བོད་ཀྱི་སྐད་དང་མཐུན་པའི་ཅི་བསམ་གང་འདོད་ཀྱིས་བཀོལ་སྤྱོད་བྱེད་ཐུབ་པ། ༦)དེང་དུས་ཕན་ཁྱབ་ཆེ་བའི་གློག་ཀླད་ཀྱང་བོད་ཀྱི་ཆེད་དུ་བཟོས་པ་ལྟར་བོད་མི་རྩམ་ཟན་ཡོད་ཚད་ཀྱིས་ཅི་བསམ་བེད་སྤྱོད་གཏོང་རྒྱུ་ཡོད་ཅིང༌། བེད་སྤྱོད་བདེ་བླག་གི་ངང་ནས་གཏོང་ཐུབ་པ། ༥)གློག་ཀླད་ནང་གི་དབྱིན་ཡིག་ཡིག་གཟུགས་འདྲ་མིན་ཇི་ཡོད་ཚང་མ་བོད་སྐད་མཚོན་དོན་ཡིག་གཟུགས་ལ་བཀོལ་སྤྱོད་ཐུབ་པའི་ཕན་ཆ་ཆེ་བ། ༦)ཡིག་མགོ་དང༌། ཡིག་འབྲུ་རེ་རེའི་བར་ན་ཚེག་འབྲི་མི་དགོས་པ་སོགས་ཀྱི་དགེ་མཚན་ལྡན་པ། ༧)འཛམ་གླིང་ནང་ཡི་གེ་ཁོར་རྒྱུག་ཆེ་ཤོས་དབྱིན་ཡིག་དང་ཕལ་ཆེར་དཔུང་གཤིབས་ཀྱིས་ཁྱབ་རྒྱ་མཉམ་ཐུབ་པ་དང༌། དེའི་དབང་གིས་ཛ་དྲག་གི་གནས་སྟངས་སོགས་ཡུལ་དུས་གང་ནས་ཀྱང་ཡིག་འབྲེལ་བྱ་དགོས་པ་སོགས་དབྱིན་ཡིག་བེད་སྤྱོད་ཀྱི་འཕྲུལ་ཆས་གང་དུ་ཡོད་པ་དེ་ན་བོད་ཡིག་ཀྱང་ཕལ་ཆེར་དེ་བཞིན་དུ་བེད་སྤྱོད་གཏང་ཐུབ་པ་སོགས་ཀྱི་དགེ་མཚན་ཡོད་པ། ༨)བོད་པས་དབྱིན་ཇིའི་སྐད་ཡིག་སྦྱང་པ་དང༌། དབྱིན་ཇིས་བོད་ཀྱི་སྐད་ཡིག་སྦྱང་པ་གཉིས་ཀས་ཡིག་གཟུགས་ལོགས་སུ་སྦྱང་དགོས་པའི་དཀའ་ཚེགས་མེད་པ་སོགས་དགེ་མཚན་ཧ་ཅང་གིས་ཆེའོ། །གང་ལྟར་ཡིག་སྒྱུར་འདི་ནི་ཡོངས་རྫོགས་དགེ་མཚན་ལས་ལྡོག་ཕྱོགས་སྐྱོན་ཆའི་རིགས་ཕལ་ཆེར་མེད་པ་ལྟ་བུ་ཡིན་ནོ།།

 

མཇུག་ཏུ་གསལ་བཤད།

 

བོད་ཀྱི་ཡིག་གཟུགས་སྒྱུར་བཅོས་གཏོང་ཕྱོགས་ཀྱི་རྩོམ་ཡིག་འདི་ཉིད་ཐོག་མར་ཟིན་བྲིས་ཀྱི་ཚུལ་དུ་སྤྱི་ཚོགས་སུ་བཀྲམ་ཞིང༌། རང་གི་རྒྱལ་ཁབ་དང་མི་རིགས། ཆོས་དང་རིག་གཞུང༌། སྤྱི་ཕན་དང་གཞན་ཁུར་ཆེ་ཞིང༌། ལྷག་བསམ་དང་རྣམ་དཔྱོད་རབ་ཏུ་ཡངས་པ། མདོར་ན། བོད་ཀྱི་སྐད་ཡིག་སོགས་ལ་ཤ་ཚ་ཆེ་བའི་སྐྱེ་བོ་ཀུན་གྱིས་བསམ་ཚུལ་འདིའི་སྐོར་ལ་གང་ས་ཅི་ཐད་ནས་དགེ་སྐྱོན་ཅི་འབྱུང་གི་བསམ་གཞིག་དང་བགྲོ་གླེང་ཚ་ཚ་འུར་འུར་གནང་རོགས་ཞུ་རྒྱུ་དང༌། སུ་ཞིག་གིས་འདི་དང་འབྲེལ་བའི་བགྲོ་གླེང་དགེ་སྐྱོན་ཅི་ཞིག་གནང་ནའང་སྙིང་ཁོང་རུས་པའི་གཏིང་ནས་དགའ་བསུ་དང་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

གལ་ཏེ། ཡིག་གཟུགས་སྒྱུར་བཅོས་གཏོང་ཕྱོགས་འདིའི་སྐོར་མཁན་བླུན་ཚང་མས་རྒྱུ་མཚན་ལྡན་པའི་སྐྱོན་ཆའི་རིགས་གནད་ཆེ་གླེང་སློང་ཕལ་ཆེར་མ་བྱུང་ཚེ། གྲོང་འཇུག་ལྟར་སྒྱུར་བཅོས་བཏང་བའི་ཡིག་གཟུགས་གསར་པ་འདི་ཉིད་ཚགས་ཤོག་དང༌། དུས་དེབ་སོགས་རྒྱུད་ལམ་ཁག་ནས་དངོས་སུ་ལག་བསྟར་དཔེ་མཚོན་རྩོམ་འགྲེམ་བྱ་རྒྱུ་དང༌། རིམ་བཞིན་སྒྱུར་བའི་ཡིག་གཟུགས་འདིའི་ནང་དུ་ཚིག་མཛོད་གསར་པའང་བསྒྲིག་རྒྱུའི་འཆར་གཞི་ཐོག དཔེ་ཆའང་རིམ་བསྒྱུར་བྱ་རྒྱུ་མ་ཚད། མི་རབས་གཉིས་དང་གསུམ་གྱི་ནང་དུ་བོད་ཀྱི་སྐད་བརྡ་ཡོད་ཚད་ཡིག་གཟུགས་གསར་པ་འདིའི་ནང་དུ་བཀོལ་སྤྱོད་གཏིང་ཚུགས་པ་ཞིག་གཏང་ཐུབ་པ་བཟོ་རྒྱུ་དང༌། མི་རབས་གསུམ་བཞིའི་རྗེས་ནས་ད་ལྟ་འབྲི་བཞིན་པའི་བོད་ཀྱི་ཡིག་གཟུགས་འདི་ཉིད་འགྲེམ་སྟོན་ཁང་དུ་བགྲེས་ཡོལ་ལ་དངོས་སུ་ཕེབས་སྐྱེལ་ཐུབ་པའི་དཀའ་སྐྱེད་ཞུ་རྒྱུ་དང་བཅས་པ་ལགས་སོ།། །།

ས་རཱ་མཐོ་སློབ། ངག་དབང་བྱམས་པས།

 

Share this:
༥༡༨ ཀློག་གྲངས།