འགྲུལ་པ་༤༥༨ ཁུར་པའི་རྒྱ་ནག་གི་གྲུ་གཟིངས་ཤིག་གཙང་པོའི་ནང་ནུབ།

ཡུལ་སྐོར་སྤྲོ་འཆམ་པ་༤༥༨ ཙམ་ཁུར་ཡོད་པའི་རྒྱ་ནག་གི་གྲུ་གཟིངས་ཤིག་ཧུ་པེ་ཞིང་ཆེན་ས་ཁུལ་གྱི་འབྲི་ཆུའི་ནང་འགྲུལ་བསྐྱོད་བྱེད་བཞིན་པའི་སྐབས། རླུང་འཚུལ་གྱི་རྐྱེན་པས་ཆུའི་ནང་ནུབ་ཡོད་པ་དང་། ད་ལྟའི་ཆར་མི་༢༠ མ་གཏོགས་སྐྱོབ་ཐུབ་མེད་པ་རེད།

ཟླ་འདིའི་ཕྱི་ཚེས་༡ རེས་གཟའ་ཟླ་བའི་ཉིན་གྱི་དགོང་མོར་རྒྱ་ནག་ཧུ་པེ་ཞིང་ཆེན་ཅིན་ཀྲུའུ་ཅེ་ལི་ཞེས་པའི་འབྲུ་ཆུའི་ཆུ་བརྒྱུད་དུ་དོན་རྐྱེན་ལྷག་ཡོད་ཅིང་། སྐབས་དེར་ཁྱོན་མི་༤༥༨ ཁུར་ཡོད་པའི་ནང་། འགྲུལ་པ་༤༠༦ རྒྱལ་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་ཡིན་འདུག གནས་ཚུལ་ནང་ཐོན་པ་ལྟར་ན། འགྲུལ་པ་མང་ཤོས་ཧྲང་ཧེ་རུ་ཡོད་པའི་ལྗོངས་རྒྱུ་ལས་ཁུངས་ཤིག་གིས་གོ་སྒྲིག་བྱས་པའི། ལོ་ཚད་༥༠ ནས་༨༠ བར་གྱི་ལོ་ན་མཐོ་བའི་ཡུལ་སྐོར་སྤྲོ་འཆམ་རུ་ཁག་གི་ཚོགས་མི་ཡིན་པ་དང་། འགྲུལ་པའི་མིང་ཐོ་ནང་འཁོད་པའི་ལོ་ན་ཆུང་ཤོས་དེ་བྱིས་པ་ལོ་༣ ཅན་ཞིག་ཡིན་པ་རེད།

150602023924_cn_yangtze_boat_sink_07_976x549_xinhuaརྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་༢ ཉིན་གྱི་ཞོགས་པའི་བར་མི་༢༠ མ་གཏོགས་སྐྱོབ་ཐུབ་མེད་པ་དང་། ཕུང་པོ་༥ རྙེད་སོན་བྱུང་ཡོད་འདུག སྲོག་ཉེན་ལས་ཐར་པའི་གྲུ་དཔོན་དང་གྲུ་གཟིངས་སྣེ་ཁྲིད་པ་གཉིས་ཀྱིས་འགྲེལ་བརྗོད་བྱས་པར་གཞིགས་ན། སྐབས་དེར་གློ་བུར་དུ་གྲུ་གཟིངས་ཀྱི་གཡོན་ཕྱོགས་ནས་རླུང་འཚུབ་ཆེན་པོ་ཞིག་བརྒྱབ་སྟེ། ག་ལེར་གཡས་ཕྱོགས་སུ་ཁ་སློག་ཏེ་ཆུའི་ནང་ནུབ་ཡོད་པ་དང་། དོན་རྐྱེན་དེ་ལྷག་མ་ཐག་མི་༧ ཆུ་རྐྱལ་བརྒྱབ་སྟེ་གཙང་པོའི་འགྲམ་ངོགས་སུ་སླེབས་པའི་རྗེས་ཉེན་བརྡ་བཏང་ཐུབ་ཡོད་འདུག ད་ལྟའི་ཆར་གྲུ་དཔོན་དང་སྣེ་ཁྲིད་པ་གཉིས་ཉེན་རྟོག་པའི་སྟངས་འཛིན་འོག་ཡོད་པ་རེད།

འགྲུལ་པ་མང་པོ་ཞིག་འགོ་རྟིང་སློག་པའི་གྲུ་གཟིངས་ནང་དུ་འགག་ཡོད་པའི་ཡིད་ཆེས་བྱེད་བཞིན་པ་དང་། མྱུར་སྐྱོབ་མི་སྣས་གྲུ་གཟིངས་ཀྱི་གཏིང་འོག་ནས་མིའི་སྐད་གོ་ཡོད་འདུག ད་ལྟའི་ཆར་གྲུ་གཏིང་ཆུ་ངོས་སུ་ཕྱིར་འདོན་ཐུབ་ཡོད་པ་དང་། ས་གནས་དེར་དྲག་ཆར་རླུང་འཚུབ་ཀྱི་རྐྱེན་པས་མྱུར་སྐྱོབ་ལས་དོན་ལ་འགོག་རྐྱེན་མི་ཉུང་བ་ཞིག་འཕྲད་བཞིན་པ་རེད།

རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གནོད་ཐེབས་ས་ཁུལ་དུ་ཆེད་བསྐྱོད་ཀྱིས་མྱུར་སྐྱོབ་ལས་དོན་གྱི་སྣེ་ཁྲིད་བྱེད་བཞིན་པ་དང་། སྲིད་འཛིན་ཞི་ཅིན་ཕིང་གིས་ནུས་ཤུགས་ཡོད་ཚད་བཏོན་ཏེ་འགྲུལ་པ་མྱུར་སྐྱོབ་དགོས་པའི་རེ་སྐུལ་བྱས་ཡོད་འདུག

ཐེངས་འདིའི་གྲུ་ལོག་གི་དོན་རྐྱེན་དེ་ནི་ཉེ་བའི་ལོ་ཤས་རིང་རྒྱ་ནག་ནང་མི་གྲངས་མང་ཤོས་ལ་གནོད་སྐྱོན་ཐེབས་པའི་གོད་ཆག་ཅིག་ཆགས་ཡོད་པ་དང་། ད་ལོའི་ཕྱི་ཟླ་དང་པོའི་ནང་གསར་ཏུ་བཟོས་པའི་གྲུ་གཟིངས་ཤིག་རྒྱ་ནག་ཧྤུ་ཅེ་ཡི་འབྲུ་ཆུའི་ཆུ་ལམ་དུ་ཚོད་ལྟ་བྱེད་པའི་སྐབས། འགོ་རྟིང་སློག་སྟེ་མི་༢༢ ཀྱི་ཚེ་སྲོག་ཤོར་ཡོད་པ་རེད།

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

Share this:
༡༤༧ ཀློག་གྲངས།