བཀྲ་ཤིས་དབང་འདུས་སྲིད་སྐྱོང་འོས་མིར་ལངས་རྒྱུ་རེད།

སྐུ་ཞབས་བཀྲ་ཤིས་དབང་འདུས་ཀྱིས་དེ་རིང་ཕྱི་ཟླ་༦ ཚེས་༣ ཉིན་ངོ་དེབ་བརྒྱུད་དེ། ཁོང་སྲིད་སྐྱོང་གི་འོས་མིར་ལངས་རྒྱུ་གཏན་ཁེལ་བ་དང་། ཕྱི་ཚེས་༡༠ ཉིན་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་གནང་རྒྱུ་ཡིན་སྐོར་གསུངས་འདུག

tashi1ཁོང་གིས་ངོ་དེབ་ཐོག་གསལ་བརྡ་བཏང་བའི་ནང་འཁོད་དོན། “བོད་ཕྱི་ནང་གཉིས་སུ་གནས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་འཚམས་འདྲི་ཞུ་བ་དང་སྦྲག དེ་རིང་ངོ་དེབ་འདིའི་བརྒྱུད་ནས་ཞུ་རྒྱུར། གུས་པས་གྲོས་མོལ་དང་བསམ་ཞིབ་གཏིང་ཟབ་བཏང་རྗེས་ ༢༠༡༦ ལོའི་སྲིད་སྐྱོང་འོས་མིར་ལངས་རྒྱུའི་ཐག་གཅོད་བགྱི་པས་ཕྱི་ལོ་༢༠༡༥ ཟླ་ ༦ ཚེས་ ༡༠ ལྷག་དཀར་ཉིན་བཞུགས་སྒར་རྡ་རམ་ས་ལར་གསར་འགོད་གསལ་བསྒྲགས་བྱ་རྒྱུ་ཡིན་”ཞེས་འཁོད་འདུག

ཉིན་ཤས་སྔོན་ནས་ཁོང་སྲིད་སྐྱོང་འོས་མིར་ལངས་རྒྱུ་ཡིན་པའི་གནས་ཚུལ་གོ་ཐོས་བྱུང་བས། ཁོང་ལ་དེའི་སྐོར་གནས་འདྲི་བྱས་པར། ཁོང་གིས་ཡོངས་ཁྱབ་གསལ་བསྒྲགས་མ་བྱས་བར་དུ་བརྒྱུད་ལམ་གང་ལ་ཡང་ལན་འདེབས་བྱེད་རྒྱུ་མིན་སྐོར་གསུངས་སོང་།

བཀྲ་ཤིས་དབང་འདུས་ནི་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་སྐྱེས་པ་དང་། མ་སུ་རིའི་གཏན་སློབ་ནས་སློབ་མཐར་ཕྱིན་རྗེས། མཱེ་སོར་མཐོ་སློབ་ནང་ཚོང་ལས་རམ་འབྱམས་པའི་སློབ་གཉེར་བྱས། ༡༩༩༥ བྷེང་ལོར་དུ་ཚོང་ལས་འཛིན་སྐྱོང་ཐོག་སློབ་གཉེར་བྱས་པ་དང་། རིམ་པས་བོད་གཞུང་ལྡི་ལི་དོན་གཅོད་ཀྱི་དྲུང་གཞོན་དང་། ལྷོ་ཨ་ཧྥི་རི་ཀའི་བོད་གཞུང་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ། སྦེལ་ཀོབ་བདེ་སྐྱིད་སླར་གསོ་དང་། སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན། ལྷོ་སྤྱི་དང་། ལྡི་ལི་དོན་གཅོད་ཀྱི་དྲུང་ཆེ་བཅས་ཀྱི་འགན་ཁུར། དེ་རྗེས་ཨ་རིར་སློབ་གཉེར་དུ་བསྐྱོད་པ་དང་། ༢༠༡༠ ལོ་ནས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་འགན་འཛིན་གྱི་འགན་ཁུར་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
དེ་སྔོན་ཁོང་གི་ལས་དོན་དང་འབྲེལ་བའི་སྐོར་གྱི་བཅར་འདྲིའི་དྲ་ཐག

Share this:
༡༡༣ ཀློག་གྲངས།