མི་མང་བཙོན་འཇུག་དང་ཁྲིམས་ཆད།

རྔ་པ་རྫོང་རྨེའུ་རུ་མའི་སྒང་བ་ཚང་གི་རྔ་པ་ཀིརྟི་དགོན་གྱི་གྲྭ་པ་བློ་བཟང་ཚུལ་ཁྲིམས་(རང་ལོ་༢༣)དང། བློ་བཟང་བརྩོན་འགྲུས་(རང་ལོ་༢༨) གཉིས་ལོ་སྔོན་མའི་རྔ་པའི་ཞི་རྒོལ་ཆེན་མོའི་སྣེ་ཁྲིད་པའི་གྲས་སུ་བརྩིས་ཏེ། འཛིན་བཟུང་བརྡ་ཁྱབ་བཏང་ཡོད་ནའང། དེའི་སྐབས་འཇུ་བཟུང་ཐུབ་མེད་པ་དང། དེ་རྗེས་བྲོས་བྱོལ་དུ་སོང་བ་ཚོས་མགོ་བཏགས་བྱས་ན་གུ་ཡངས་གཏོང་རྒྱུ་ཡིན་ཚུལ་བརྗོད་པར་བརྟེན། སྐབས་དེར་མགོ་བཏགས་བྱས་ཏེ༌ཟླ་ཤས་རིང་བཀག་ཉར་བྱས་རྗེས་གློད་གྲོལ་བཏང་ཡོད་འདུག་མོད། འདི་ལོའི་ཟླ་༨ མཇུག་ཙམ་ལ་བློ་བཟང་ཚུལ་ཁྲིམས་བསྐྱར་དུ་རྔ་པ་རྫོང་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། རྔ་པ་རྫོང་ནས་ལོ་༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག    བློ་བཟང་བརྩོན་འགྲུས་འདི་ལོའི་ཕྱི་ཟླ་༩ ཚེས་མགོར་བསྐྱར་དུ་འཛིན་བཟུང་གིས་ད་ལྟ་གར་ཡོད་ཀྱི་གནས་སྟངས་ཤེས་རྟོགས་བྱུང་མི་འདུག མགོ་ལོག་གཅིག་སྒྲིལ་རྫོང་ནས་ཡིན་པའི་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་བསམ་གཏན། (བསམ་གཏན་ཁ་ཆེ་) རང་ལོ་ ༣༥ ཡིན་པ་ཟླ་༩ ཚེས་མགོར་བསྐྱར་དུ་འཛིན་བཟུང་བྱས་ཡོད་ཀྱང། ད་ལྟའི་གནས་སྟངས་གང་ཡང་ཤེས་རྟོགས་བྱུང་མེད་པ་དང། ཁོང་ཡང་སྔ་ལོའི་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་འཛིན་བཟུང་གིས་ཟླ་ཤས་རིང་བཀག་ཉར་བྱས་ཡོད་འདུག
རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་བྱམས་པ་(རང་ལོ་ ༣༠)དང། རྔ་པ་མཐའ་བ་གོང་མའི་ཚུལ་དེ་(མི་སྐྱ་ རང་ལོ་༢༥) ཙན་ཌ། (མི་སྐྱ་རང་ལོ་༢༦) བཅས་ཀྱང་འདི་ལོའི་ཕྱི་ཟླ་༩ ཚེས་མགོ་ནས་འཛིན་བཟུང་བྱས་ཡོད་འདུག དེའི་ཁྲོད་ཀྱི་ཚུལ་དེ་ཞུ་བ་ཁོང་ཟི་ལིང་ནས་བཟུང་ཡོད་པ་དང༌། ལོ་སྔོན་མའི་ཞི་རྒོལ་སྐབས་བཀྲ་ཤིས་དབང་ཕྱུག་མེ་མདས་དམར་གསོད་བྱེད་སྐབས་ཁོང་ལ་ཡང་མེ་མདའ་ཕོག་ཡོད་པའི་གནས་ཚུལ་འདུག ཚུལ་དེ་དང། ཙན་ཌ། རྔ་པ་ཇོ་ལེབ་སྡེ་བའི་ཀིརྟི་དགོན་པའི་གྲྭ་བློ་བཟང་དཀོན་མཆོག རྔ་པ་མཐའ་བ་འགབ་མའི་དོན་ཁོ་རྒྱགས་པ་བཅས་ཕྱི་ཟླ་༩ ཚེས་༡༧ ཉིན་རླངས་འཁོར་ཞིག་གི་ནང་བསྡམས་ནས། རྔ་པ་རྫོང་གི་ཉེན་རྟོག་པ་མང་པོས་གཡས་གཡོན་ནས་འཇུས་ཏེ་ཁྲོམ་སྐོར་བྱས་ཡོད་པ་ལས། དེའི་རྗེས་ཁོང་ཚོའི་གནས་ཚུལ་ཤེས་རྟོགས་བྱུང་མི་འདུག་ཅེས་གནས་ཚུལ་བཞུགས་སྒར་ཀིརྟི་གྲྭ་ཚང་གི་གྲྭ་ཚེ་རིང་ལགས་ཀྱིས་འགྲེམས་སྤེལ་བྱས་ཡོད་པ་རེད།།

Share this:
༡༧༢ ཀློག་གྲངས།