ས་ཡོམ་གནོད་ཐེབས་ཀྱི་བོད་མི་ཚོར་ངལ་སེལ་ཆེད་བལ་སྒོར་ས་ཡ་སུམ་ཅུ་གནང་འདུག

ཟླ་འདིའི་ཚེས་༤ ཉིན་གྱི་སྔ་དྲོ་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སྟེ། སྲིད་སྐྱོང་བློ་བཟང་སེང་གེས་བལ་ཡུལ་དུ་ས་ཡོམ་གྱི་གནོད་འཚེ་ཕོག་པའི་བོད་མི་རྣམས་ཀྱི་བར་བརྒལ་ངལ་སེལ་ཆེད་བཀའ་ཤག་གིས་བལ་སྒོར་ས་ཡ་སུམ་ཅུ་གནང་ཡོད་པའི་ གསལ་བསྒྲགས་གནང་སོང་།

_MG_7953གསར་འགོད་ལྷན་ཚོགས་དེའི་ཐོག་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་དང་། དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དངོས་གྲུབ་ རྡོ་རྗེ་བཅས་ཕེབས་ཡོད་པ་རེད།

རོགས་དངུལ་དེ་བགོ་འགྲེམས་མིང་ཐོའི་ནང་ དུ་བལ་ཡུལ་དུ་གཏན་སྡོད་བྱེད་མཁན་ཁོ་ན་ལྟ་བུ་ཡིན་པས། གཏན་འཇགས་སྡོད་ནས་མེད་པའི་བལ་ཡུལ་དུ་ལས་ཀ་ཙག་ཙིག་བྱེད་མཁན་ཚོ་དེའི་ནང་ཚུད་ ཀྱི་ཡོད་མེད་དང། དེ་བཞིན་གཏན་འཇགས་སྡོད་གནས་མེད་པ་མང་པོ་ཞིག་རྒྱ་གར་དུ་ཡར་ཡོང་བ་དང་། ལས་ཀ་མེད་པའི་དཀའ་ངལ་ཡོད་མཁན་ཚོར་རོགས་སྐྱོར་བྱེད་ཀྱི་ཡོད་མེད་སྐོར་དྲིས་ པར། སྲིད་སྐྱོང་བློ་བཟང་སེང་གེས། “རོགས་སྐྱོར་བྱེད་ས་དེ་གཏན་སྡོད་བྱེད་མཁན་གཞིས་ཆགས་ཁག་དང་། བལ་ཡུལ་རྒྱལ་སར་སྡོད་མཁན་ཁ་འཐོར་མི་མང་རེད། བལ་ཡུལ་གྱི་ས་གནས་འགོ་འཛིན་དང་། ཛ་དྲག་ཚོགས་ཆུང་ནས་སྤྲོད་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཐོ་གཞུང་གཞིར་བཟུང་ ནས་རོགས་དངུལ་གནང་གཏན་ཁེལ་རེད། ཉམས་ཐག་ཁོངས་གཏོགས་ཀྱི་ཁྱིམ་ཚང་༡༣༩ ཡོད་པའི་ནང་གཞིས་ཆགས་སུ་སྡོད་མཁན་དང་། རྒྱལ་སར་སྡོད་མཁན་གཉིས་ཀ་ཡོད་པ་རེད། དེ་བཞིན་བལ་ཡུལ་དུ་བོད་མིའི་མི་འབོར་ཚོད་དཔག་བྱས་ན་སྟོང་ཕྲག་༡༨ དང་། རང་བཙན་ལག་དེབ་གཞིར་བཟུང་བྱས་ན་སྟོང་ཕྲག་༡༣ ཡོད་ཟེར་གྱི་ཡོད་པའི་ཐོ་གཞུང་གཞིར་བཟུང་གིས་དཀའ་ངལ་འཕྲད་མཁན་ཚོར་བགོ་ འགྲེམས་བྱེད་ཀྱི་ཡོད་པ་རེད་”ཅེས་གསུངས་སོང་།

སྲིད་སྐྱོང་བཟང་སེང་གེས་ བལ་ཡུལ་ནས་རྒྱ་གར་ནང་འབྱོར་ཡོད་པ་ཚོའི་སྐོར་གསུང་དོན། “དྷ་ས་སོགས་རྒྱ་གར་དུ་འབྱོར་མཁན་ཚོར་འཕྲལ་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ ཀ་སྤྲོད་ཐུབ་ཁག་པོ་རེད། ཡིན་ཡང་དཀའ་ངལ་ཡོད་པས་ཕྲུ་གུ་སློབ་གྲྭར་བཅུག་གི་ཡོད་པ་རེད་”ཅེས་གསུངས་སོང་།

ཉེ་ ཆར་བལ་ཡུལ་ནང་ས་ཡོམ་གྱི་གོད་ཆག་ཚབས་ཆེ་བྱུང་བའི་རྗེས་ཤེས་རིག་བཀའ་བློན་ དངོས་གྲུབ་ཚེ་རིང་དང་། དྲུང་ཆེ་དངོས་གྲུབ་ཚེ་རིང་གཉིས་ཆེད་བསྐྱོད་ཀྱིས། བལ་ཡུལ་དུ་བོད་མི་གནས་སྡོད་བྱེད་མཁན་ཚོར་རྟོགས་ཞིབ་གནང་ཡོད་པ་རེད།

བོད་ མིའི་སྒྲིག་འཛུགས་ཀྱི་ངོས་ནས་ས་ཡོམ་གྱི་གོད་ཆག་འོག་གནོད་སྐྱོན་ཕེབས་པའི་ བོད་མི་ཚོར་རོགས་སྐྱོར་ལས་འཆར་ཁག་གསུམ་སྤེལ་རྒྱུའི་གྲ་སྒྲིག་བྱས་ཡོད་པ་དང་། ཐོག་མར་བལ་སྒོར་འབུམ་ལྔ་བཅུ་ང་དྲུག་བགོ་འགྲེམས་ཀྱི་ཛ་དྲག་ངལ་སེལ་ལས་རིམ་ སྤེལ་ཡོད་པ་རེད། རིང་མིན་ཆར་དུས་སྐབས་མཁས་པ་མང་པོས་ནད་ཡམས་དང་དེ་མིན་དཀའ་ངལ་མང་དག་ཅིག་ཡོང་ ངེས་ཚོད་དཔག་བྱེད་བཞིན་ཡོད་ན་ཕུགས་འཁྱོལ་བསྐྱར་བཟོའི་ལས་འཆར་གྱི་སྔོན་ལ་བར་ བརྒལ་ངལ་སེལ་གྱི་ལས་འཆར་དགོས་གལ་ཆེན་པོ་གཟིགས་ཏེ། བཀའ་ཤག་ནས་རོགས་དངུལ་ཐབས་འཚོལ་གནང་མུས་ཁོངས་ནས་བལ་སྒོར་ས་ཡ་སུམ་ཅུ་ཐམ་པ་ གཤམ་གསལ་བར་བརྒལ་ངལ་སེལ་ལས་འཆར་ཐོག་གཏོང་རྒྱུའི་ཐག་གཅོད་གནང་བ་དང་། ཕྱི་ཟླ་༦ པའི་ཟླ་མཇུག་ནས་རོགས་དངུལ་དེ་ས་གནས་སུ་འབྱོར་ཐབས་བྱེད་ཀྱི་ཡོད་པ་རེད།

༡། ཤི་སྐྱོན་བྱུང་བའི་རྗེས་ཤུལ་ཁྱིམ་ཚང་ལ་ཤི་པོ་རེར་བལ་སྒོར་འབུམ་གཉིས་རེ་བརྩིས་པའི་བལ་སྒོར་ ༢༦,༠༠,༠༠༠།
༢། ཉམ་ཐག་ཐོ་གཞུང་ཁ་པའི་ཁོངས་འཚོ་སྣོན་ཐོབ་བཞིན་པ་མི་གྲངས་ ༡༣༩ ལ་ཟླ་རེར་འཚོ་སྣོན་འཕར་མ་སྒོར་༣༠༠༠ རེ་བརྩིས་པའི་ཟླ་དྲུག་འཚོ་སྣོན་འཕར་མ་ཁྱོན་བསྡོམས་བལ་སྒོར་ ༢༥,༠༢,༠༠༠།

༣། ས་གནས་འགོ་འཛིན་ནས་ཕུལ་གསལ་གཞིས་ཁང་འཐོར་ཞིག་ཕྱིན་པ་གྲངས་ ༡༡༡ ལ་བལ་ཡུལ་གཞུང་ནས་བགོ་སྤྲོད་བྱེད་བཞིན་པའི་ལྕགས་ཤོག་གི་འཕྲལ་སེལ་སྡོད་ཁང་ གསར་རྒྱག་ཆེད་བལ་སྒོར་༡༤,༨༠,༠༠༠།
༤། གཞིས་ཆགས་ཁག་ནང་གཞིས་ཁང་དང་དེ་བཞིན། ལས་ཁུངས། ལས་ཤག་སོགས་ལ་གས་སྐྱོན་ཤོར་བ་ཁག་བཟོ་བཅོས་ཆེད་བལ་སྒོར་ ༤༦,༠༠,༠༠༠།
༥། སྦ་ཁང་དང་། ཤར་ཁུམ་ཐུབ་བསྟན་ཆོས་གླིང་བཅས་བཙུན་དགོན་གཉིས་ལ་དམིགས་བསལ་རྒུད་སྐྱོབ་བལ་སྒོར་ ༣༠,༠༠,༠༠༠།
༦། རྣམ་རྒྱལ་མཐོ་སློབ་དང་། རྣམ་རྒྱལ་འབྲིང་སློབ། སྲོང་བཙན། ཨ་ཏི་ཤ། ལེགས་བཤད་ཚལ། ཀེ་ལ་ཤ། ཤར་ཁུམ་སློབ་གྲྭ་བཅས་བཟོ་བཅོས་དང་འཕྲལ་སེལ་འཛིན་ཁང་གོ་སྒྲིག་ཆེད་ཐོ་གཞུང་ ཟུར་ཡོད་ལྟར་ཁྱོན་བསྡོམས་བལ་སྒོར་ ༨༧,༠༠,༠༠༠།
༧། སྨན་བཅོས་དང་འཕྲོད་བསྟེན་རོགས་སྐྱོར་ཆེད་བལ་སྒོར་ ༢༥,༥༠,༠༠༠།
༨། འཛིན་སྐྱོང་དང་། དེ་མིན་གོང་སྨོས་ནང་མ་ཚུད་པའི་ལས་འཆར་དང་ལས་དོན་གྱི་འགྲོ་གྲོན་དམིགས་སྒོར་བལ་སྒོར་ ༤༥,༦༨,༠༠༠།
བལ་ཡུལ་གཞུང་དང་བོད་མི་ཚོར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཞལ་འདེབས་བསྡུས་ཏེ་རོགས་དངུལ་སྤྲད་ཡོད་པ་དང་། དེ་བཞིན་བོད་ཀྱི་བླ་ཆེན་ཁག་ཅིག་གིས་ཀྱང་རོགས་སྐྱོར་གནང་ཡོད་པ་རེད།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༡༣ ཀློག་གྲངས།