ཐོ་གཞུང་དང་འོས་འཕེན་པའི་ཧེ་བག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༤༥ ཕྱི་ལོ་ ༢༠༡༥/༦/༣

ཉེ་ཆར་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་གཉིས་སྤྱི་འཐུས་རྒྱུན་ལས་ཀྱིས་འོས་འདེམས་བྱས་ཤིང། སྲིད་སྐྱོང་དང་སྤྱི་འཐུས་སྐབས་བཅུ་དྲུག་པའི་འོས་བསྡུ་ཆེན་མོའི་ལས་རིམ་འགོ་བཙུགས་པ་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་སྲིད་སྐྱོང་དང། ཕྱག་རོགས་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཀྱི་དུས་ཡུན་ལོ་ལྔ་རེ་ཡིན་ཞིང། ལོ་འདིར་སྔོན་འགྲོའི་འོས་བསྡུ་དང་ལོ་རྗེས་མ་ཕྱི་ལོ་༢༠༡༦ ལོའི་ལོ་སྟོད་ཙམ་ལ་དངོས་གཞིའི་འོས་བསྡུ་བྱས་ནས་བཀའ་ཤག་སྐབས་བཅུ་བཞི་པ་དང། སྤྱི་འཐུས་སྐབས་བཅོ་ལྔ་པའི་དུས་ཡུན་རྫོགས་པ་རེད། མང་གཙོའི་སྤྱི་ཚོགས་ནང་འོས་བསྡུའི་ལས་རིམ་ཚགས་ཚུད་དྲང་བདེན་དགོས་པ་དེ་ཧ་ཅང་གལ་ཆེ་བ་བཞིན། འོས་བསྡུའི་དུས་ཚེས་གཏན་འབེབས་བྱེད་ཕྱོགས་ལ་བརྟེན་ནས་མི་མང་མཉམ་ཞུགས་ཐུབ་མིན་ལ་ཁྱད་པར་ཆེན་པོ་ཡོད་པས། འདི་ལ་གྲ་སྒྲིག་གཏིང་ཟབ་དགོས་པ་དེ་དབུས་འོས་བསྡུའི་འགན་འཛིན་དང། འགན་འཛིན་ལས་འཕར་གཉིས་ཀྱི་ཐུགས་འགན་གཙོ་བོར་གྱུར་ཡོད།

དེང་སྐབས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མི་མང་པོ་ཕྱོགས་གང་སར་གནས་སྤོར་བྱེད་བཞིན་ཡོད་པ་དང། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་བཙན་བྱོལ་བོད་མི་མང་པོ་ཞིག་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་བསྐྱོད་པའམ། ཡང་ན་སྔོན་མ་གནས་སྡོད་བྱེད་ཡུལ་ནས་རྒྱ་གར་ནང་ཁུལ་གྱི་ས་གནས་གཞན་དུ་སྤོས་པ་སོགས་མུ་མཐུད་གཏན་འཇགས་སྡོད་མཁན་ག་འདྲ་ཡོད་མེད་དེ་ཁ་གསལ་པོའི་ཐོག་ནས་བཤད་དཀའ་བ་ཞིག་ཏུ་གྱུར་ཟིན། ལོ་འདིར་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དོན་ཚན་བཅོ་བརྒྱད་པའི་ནང་གསེས་ཁག་དང། ལྷག་པར་དུ་“འོས་འཕེན་པའི་མིང་གཞུང་དེབ་འགོད་འགན་འཛིན་ནས་མིང་གཞུང་སྔོན་ཡོད་ཁག་གཞིར་བཟུང་དག་བཤེར་བྱེད་པའམ། གསར་དུ་དེབ་སྐྱེལ་བྱ་རྒྱུའི་ལས་དོན་འཕྲལ་དུ་འགོ་འཛུགས་དགོས་”ཞེས་སོགས་གསལ་བ་དེ་ལ་སྐབས་འདིའི་དབུས་ས་གཉིས་ཀྱི་འོས་བསྡུའི་འགན་འཛིན་རྣམ་པས་དམིགས་བསལ་གྱིས་ཐུགས་སྣང་ཆེན་པོ་གནང་དགོས་པ་ཧ་ཅང་གལ་ཆེ་སྙམ།

སྐབས་སྔོན་མ་བཀའ་ཁྲིའི་འོས་བསྡུའི་སྐབས་འོས་བསྡུ་ལས་ཁང་ནས་འོས་འཕེན་པའི་མིང་ཐོ་དེབ་སྐྱེལ་བྱས་པ་མི་གྲངས་༨༣༩༩༠ དང། བཀའ་བློན་ཁྲི་པར་འདེམས་ཐོན་བྱུང་བ་བློ་བཟང་སེང་གེ་ལ་འོས་གྲངས་༢༧༠༥༡ བྱུང་བ་དེ་འོས་འཕེན་པ་སྤྱིའི་བརྒྱ་ཆ་༥༥ ཟིན་པ་ཡིན་ཚུལ་བསྒྲགས་འདུག མིང་གཞུང་དེབ་སྐྱེལ་བྱེད་མཁན་༨༣༩༩༠ ཡོད་པའི་ནང་ནས་དངོས་སུ་འོས་འཕེན་མཁན་མི་གྲངས་༤༩༡༨༤ བྱུང་བ་དེ་འོས་འཕེན་པ་སྤྱིའི་བརྒྱ་ཆ་༥༨.༥༥ ཙམ་ལས་ཟིན་མེད། སྐབས་དེ་དུས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་འོས་བསྡུ་ལ་དོ་སྣང་ཆེན་པོ་བྱེད་སྟངས་དེར་བལྟས་ན་དངོས་སུ་འོས་འཕེན་པ་བརྒྱ་ཆ་༥༨ ཡས་མས་ལས་མ་བྱུང་བ་རེད་ཅེས་བརྗོད་དགོས་བྱུང་ན་ཡིད་ཆེས་དཀའ་བ་ཞིག་ཏུ་གྱུར་ཡོད། དེར་བརྟེན་སྐབས་དེར་དྷ་རམ་ས་ལ་དང། སྦེལ་ཀོབ་གཞིས་ཆགས་རྙིང་པ། མོན་གྷོ་གཞིས་ཆགས་བཅས་ས་གནས་ཆེ་ཁག་དང་གནས་སྤོ་བྱེད་མཁན་མང་ཤོས་གསུམ་ལ་དེ་དང་འབྲེལ་བའི་ཐོག་རྩད་གཅོད་བྱས་པར་གསལ་ཁ་གཏན་ནས་མི་འདུག

གནད་དོན་དེའི་ཐོག་ནས་བསམ་བློ་བཏང་ན་འོས་འཕེན་པའི་དེབ་སྐྱེལ་དེ་ཐེངས་གཅིག་ལས་བྱེད་མི་དགོས་པ་དང། ས་གནས་ཁག་ཏུ་རང་ལོ་བཅོ་བརྒྱད་ལ་གསར་དུ་སོན་མཁན་དང། སྔོན་མ་དེབ་སྐྱེལ་བྱེད་མ་མྱོང་བ་ཁག་ལ་གསར་དུ་དེབ་སྐྱེལ་བྱེད་བཞིན་ཡོད་པ་དེ་ཧ་ཅང་གསལ་པོ་ཡིན་ཡང། དཔེར་ན་དྷ་རམ་ས་ལ་ལྟ་བུར་མཚོན་ན་ས་གནས་གཞན་དུ་བསྐྱོད་མཁན་ཧ་ཅང་མང་བ་དང། སྔ་རྗེས་སུ་དྷ་སར་འོས་འཕེན་ཆོག་པའི་དེབ་སྐྱེལ་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་ནི་སྨྲོས་མི་དགོས་པ་རེད། རྗེས་མ་ས་གནས་གཞན་དུ་བསྐྱོད་པ་དང། འདས་གྲོངས་སོང་བ་སོགས་ཀྱི་ཐད་ནས་“མིང་གཞུང་སྔོན་ཡོད་ཁག་གཞིར་བཟུང་དག་བཤེར་”ཚུལ་བཞིན་བྱེད་མ་ཐུབ་པའི་གནས་སྟངས་ཡོད་པ་དེ་ཡང་གསལ་པོ་ཆགས་འདུག དེར་བརྟེན་དེབ་འགོད་བྱེད་མཁན་སྔ་རྗེས་ཚང་མའི་མིང་གཞུང་ཐོག་གསར་པ་དེབ་སྐྱེལ་བྱས་པའི་གྲངས་ཐོ་བསྣན་ཡོད་པའམ། ས་གནས་གཞན་དུ་བསྐྱོད་པ་སོགས་ཀྱང་གྲངས་ཐོའི་ནང་ནས་འཐེན་ཐུབ་ཡོད་མེད་དེ་ཐེ་ཚོམ་གྱི་རང་བཞིན་ཞིག་ཏུ་གྱུར་འདུག

ད་དུང་དཔེར་ན་སྔོན་མ་དྷ་སར་གནས་སྡོད་བྱེད་མཁན་ཞིག་རྗེས་སུ་ཨ་རིར་བསྐྱོད་ན་བསྐྱར་དུ་དེབ་འགོད་བྱེད་དགོས་པས། དྷ་སའི་མིང་གཞུང་ནང་དུ་ཡོད་པ་དང། ཨ་རིའི་མིང་གཞུང་ནང་དུ་སླེབས་ཡོད་པ་ལྟ་བུ་ཉིས་ཟློས་ཀྱང་གང་མང་ཞིག་ཡོད་པར་ཚོད་དཔག་བྱེད་ཆོག སྤྱི་ཡོངས་གནད་དོན་འདི་དེ་ཙམ་གྱི་གལ་གནད་ཆེ་བ་ཞིག་ཏུ་ངོས་འཛིན་བྱེད་མཁན་མེད་སྲིད་ནའང། སྐབས་སྔོན་མ་བཀའ་ཁྲིའི་འོས་བསྡུའི་སྐབས་དེབ་སྐྱེལ་བྱེད་མཁན་ལས་དངོས་སུ་འོས་ཤོག་འཕེན་མཁན་བརྒྱ་ཆ་༥༨ ལྷག་ཙམ་ལས་མ་བྱུང་བའི་གྲངས་འབོར་དེ་གོང་གསལ་ལྟར་དེབ་འགོད་བྱས་པའི་གྲངས་ཀར་སྣོན་འཕྲི་དང་དག་བཤེར་ཡག་པོ་བྱེད་མ་ཐུབ་པར་བརྟེན་ནས་བྱུང་ཡོད་ན། དེ་ནི་མི་མང་གིས་དོ་སྣང་ཆེན་པོའི་ཐོག་ནས་འོས་འཕངས་ཀྱང་བརྒྱ་ཆ་ཉུང་ཉུང་ཞིག་ལས་མ་བྱུང་བ་ལྟ་བུའི་རྣམ་པ་དེས་བཙན་བྱོལ་བོད་པའི་མང་གཙོའི་འཕེལ་རིམ་དང། ལྷག་པར་དུ་གཞུང་གི་དབུ་ཁྲིད་འོས་འདེམས་སྐབས་མི་མང་གིས་དོ་སྣང་བྱེད་ཕྱོགས་སོགས་ལ་དོན་མེད་ཐེ་ཚོམ་སྐྱེ་གཞིར་གྱུར་ཡོད་པས། ད་ལན་དབུས་ས་གཉིས་ཀྱི་འོས་བསྡུའི་འགན་འཛིན་རྣམ་པས་དེའི་ཐོག་ཐུགས་སྣང་ཆེན་པོ་གནང་དགོས་པ་ཆབ་སྲིད་ཀྱི་གནད་དོན་ཐོག་ནས་ཧ་ཅང་གལ་ཆེ།།

Share this:
༩༡ ཀློག་གྲངས།