ཞིང་པ་ཚོས་སེམས་འཚབ་བྱེད་བཞིན་ཡོད་པ་རེད།

ཐོག་མར་ཁྱེད་རང་གི་ལས་གནས་དང་འབྲེལ་བའི་ངོ་སྤྲོད་མདོར་བསྡུས་ཤིག་གསུང་རོགས་ཞུས་པར། ཁོང་གིས། “གུས་པའི་མིང་ལ་ལྷུན་གྲུབ་དར་རྒྱས་ཟེར། ཕྱི་ལོ་༡༩༤༩ ལོར་བོད་དབུ་གཙང་འཕན་པོ་རྫོང་ཁོངས་པ་ཚབ་གྲོང་ཚོ་གཏེར་སྟོན་ཨོ་རྒྱན་གླིང་པའི་རིགས་རྒྱུད་དུ་སྐྱེས་ཤིང། ༡༩༧༤ ལོར་བཙན་བྱོལ་དུ་འབྱོར་ནས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་གྲོང་ལྔ་པའི་སྤྱི་མི་དང། ས་གནས་འཐུས་ཚོགས་ཀྱི་འཐུས་མི། དེ་བཞིན་ས་གནས་བོད་ཀྱི་གཞོན་ནུའི་རྒྱུན་ལས་ལོ་༣ རིང་བྱས་པ་སོགས་ད་བར་རང་གཞུང་ལ་ཞབས་ཞུ་གང་ཐུབ་ཞུས་པ་ཡིན། ད་སྐབས་ལས་གནས་གཞན་གང་ཡང་མེད་ལ་མོན་གྷོ་གཞིས་གྲོང་ལྔ་པར་ཞིང་པ་ཆུང་ཆུང་ཞིག་གི་ལས་ཀ་གཉེར་བཞིན་ཡོད་”ཅེས་གསུངས་སོང།
farmersད་ལོ་ཆར་བ་འབབ་ཡུན་རིང་པོ་བྱུང་བས། མོན་གྷོ་ས་གནས་མི་མང་གི་ས་ཞིང་ཚང་མ་རུལ་བའི་ཉེན་ཁ་འཕྲད་བཞིན་ཡོད་པ་དེའི་སྐོར་གསུང་རོགས་ཞེས་པར། ཁོང་གིས། “སྤྱིར་བཏང་ད་ལོ་མོན་གྷོ་ས་གནས་ཀྱི་ཞིང་པ་ཚོའི་འབྲས་ཞིང་སོགས་སྟོན་ཐོག་གི་སྐྱེ་སྟོབས་བཟང་ལ་འབྲས་ཀྱི་སྙེ་མ་ཡང་ཧ་ཅང་ཆེ་བ་ལེགས་པོ་བྱུང་ཡོད་ཀྱང། འབྲས་ཞིང་བསྡུ་མཚམས་སུ་ཉིན་མཚན་མེད་པར་ཡུན་རིང་ཆར་བ་བབས་པར་བརྟེན། འབྲས་ཞིང་མང་ཆེ་བ་ལག་ཏུ་ལོན་ཁག་པོ་བྱུང་ཡོད་པ་མ་ཟད། འབྲས་ཀྱི་སྤུས་ཀ་ཞན་པོར་གྱུར་པ་དང། འབྲས་མགོ་སར་འབྱར་བ་རྣམས་སླར་ཡང་སྐྱེ་ཉེན་འདུག གང་ལྟར་འདི་ལོར་ཡང་ཞིང་པ་ཚོའི་སེམས་ནང་ལ་བྱུང་སོང་ཁ་མ་ཐུག་པའི་དཀའ་ངལ་ལ་སེམས་འཚབ་བྱེད་བཞིན་ཡོད་པ་རེད་”ཅེས་གསུངས་སོང།
ཞིང་ཁ་རུལ་སུངས་ཀྱི་ཉེན་ཚབས་དེ་འདྲ་མ་བྱུང་སྔོན་ལ་ཆར་པ་འགོག་ཐབས་སོགས་འདི་འདྲའི་དཀའ་ངལ་ལ་སྔོན་འགོག་བྱེད་ཐབས་ཡོད་པ་རེད་དམ་ཞེས་དྲིས་པར། ཁོང་གིས། “དང་ཐོག་ཆར་པ་འབབ་སྐབས་ཉིན་ཤས་ནས་ཆར་པ་དྭང་བར་ངང་སྒུག་བྱས་པ་ལས། རླུང་འཚུབ་དང་སྦྲགས་འདི་ལྟར་ཆར་པ་ཉིན་མང་རིང་འབབ་རྒྱུ་རེད་སྙམ་པའི་བསམ་བློ་འཁོར་མེད་པས། ཆར་པ་འགོག་ཐབས་དང་ཞབས་རིམ་སྒྲུབ་པ་སོགས་གང་ཡང་བྱས་ཡོད་པ་མ་རེད་”ཅེས་གསུངས་སོང།
གལ་སྲིད་ད་དུང་ཆར་པ་བབས་ནས་ཞིང་ཁ་ཡོངས་རྫོགས་རུལ་བའི་ཉེན་ཁ་འཕྲད་ཚེ། བོད་མི་སྐྱབས་བཅོལ་བ་མང་པོ་སོ་ནམ་ཞིང་ལས་བྱེད་མཁན་ཡོད་པས། ལྟོ་གོས་ཐོག་དཀའ་ངལ་འཕར་མ་ཞིག་ཡོང་གི་རེད་དམ་ཞེས་དྲིས་པར། ཁོང་གིས། “གལ་ཏེ་སྟོན་ཐོག་ཡོངས་རུལ་ཏེ་ལག་ཏུ་ལེན་རྒྱུ་ཉུང་ཤས་ལས་མ་བྱུང་ཚེ་ས་གནས་ཞིང་པ་མང་ཆེ་བའི་ཞིང་བུན་འཇལ་རྒྱུ་དང་ལྷག་པར་ལྟོ་གོས་ཐོག་དཀའ་ངལ་འཕར་མ་ཞིག་འཕྲད་རྒྱུ་རེད་བསམ་ནས་སེམས་སྡུག་འཕར་མ་ཞིག་ཀྱང་རང་བཞིན་གྱིས་ཡོང་གི་ཡོད་པ་རེད་”ཅེས་གསུངས་སོང།
མཐའ་དོན་ཚགས་ཤོག་འདི་བརྒྱུད་ནས་མ་འོངས་པར་ས་ཞིང་འདེབས་ལས་སོགས་གང་ཅིའི་ཐད་ལ་ལམ་སྟོན་ནམ་བསམ་ཚུལ་གསུང་རྒྱུ་ཡོད་དམ་ཞུས་པར། ཁོང་གིས། “ང་ལ་གཞན་ཞུ་རྒྱུ་གང་ཡང་མེད། འོན་ཀྱང་ཁྱེད་རང་ཚོ་གསར་འགོད་པ་རྣམས་ཀྱིས་འཛམ་གླིང་སྤྱིའི་བདེ་དོན་དང་ལྷག་པར་བོད་པའི་སྤྱི་ཚོགས་ནང་མཐོ་དམན་གྲགས་ཞན་མེད་པའི་བདེ་བ་དང་སྡུག་བསྔལ་གང་བྱུང་ལ་གཟིགས་རྟོགས་ནན་པོ་གནང་བ་མ་ཟད། གསར་འགྱུར་བརྒྱུད་ལམ་ཁག་གིས་ཁྱབ་བསྒྲགས་དང་འགྲེལ་བརྗོད་གནང་བར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”ཞེས་འགྲེལ་བརྗོད་གནང་སོང།།
མོན་གྷོ་གསར་འགོད་པས་བཅར་འདྲི་བྱས།

Share this:
༢༥ ཀློག་གྲངས།