སྲིད་འཛིན་ཟུར་པ་བྷུ་ཤི་ཡི་སྤུན་ཆུང་བ་ཨ་རིའི་སྲིད་འཛིན་འོས་མིར་ལངས་རྒྱུ་རེད།

ཨ་རིའི་ཧྥི་ལོ་རི་ཌ་མངའ་སྡེའི་སྤྱི་ཁྱབ་ཟུར་པ་རྗེབ་བྷུ་ཤི་ཡིས་གཟའ་འཁོར་རྗེས་མའི་ནང་ཨ་རིའི་སྲིད་འཛིན་འོས་མིར་ལངས་རྒྱུའི་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་དང་། ད་ལྟ་ཁོང་ཡུ་རོབ་ཀྱི་རྒྱལ་ཁབ་ཁ་ཤས་ནང་འཚམས་གཟིགས་སུ་བསྐྱོད་བཞིན་ཡོད་ལ། གོམ་གང་མདུན་སྤོས་ཀྱིས་ཁོང་གི་ཕྱི་འབྲེལ་རྒྱབ་རྟེན་གཏིང་ཟབ་ཏུ་བཏང་སྟེ། རྣོ་ངར་ལྡན་པའི་སྤྱི་མཐུན་ཚོགས་པ་ནང་ཁུལ་གྱི་འོས་མི་འགྲན་རྩོད་ཁྲོད་ཞུགས་རྒྱུ་ཡིན་པ་མ་ཟད། རྗེབ་བྷུ་ཤི་ལ་གདོང་ལེན་བྱ་རྒྱུའི་དཀའ་ངལ་མི་ཉུང་བ་ཞིག་འཕྲད་སྲིད་པ་རེད།

རྗེབ་བྷུ་ཤི་འཚམས་གཟིགས་སུ་བསྐྱོད་སའི་ནང་དུ་ཨ་རིའི་མནའ་མཐུན་རྒྱལ་ཁབ་འཇར་མན་དང་པའོ་ལན་ཌི། ཨི་སི་ཁྲོ་ནི་ཡ་སོགས་ཚུད་ཡོད་ལ། འཚམས་གཟིགས་མཇུག་སྒྲིལ་པའི་རྗེས། ཁོང་ཕྱི་ལོ་༢༠༡༦ ལོའི་ཨ་རིའི་སྲིད་འཛིན་འོས་མགྲན་ཁྲོད་ཞུགས་རྒྱུ་ཡིན་འདུག

DAEC5026-F3C4-4284-B18A-9DDC367F3DA2_mw1024_s_nཁོང་གིས་ཉེ་ཆར་འཇར་མན་དུ་སྤེལ་བའི་གཏམ་བཤད་ཅིག་གི་ནང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱི་འགོ་ཁྲོད་འོག ཡུག་རེན་ལ་བཙན་འཛུལ་བྱས་པའི་དོན་རྐྱེན་ལ་རྣམ་འགྱུར་མཁྲེགས་པོ་འཛིན་དགོས་སྐོར་བརྗོད་ཡོད་པ་མ་ཟད། ཁོང་གིས་པུ་ཌིན་ནི་ཐབས་ཤེས་ཡོད་རྒུ་བཀོལ་བའི་ལག་ལེན་རིང་ལུགས་པ་ཞིག་ཡིན་ཚུལ་བརྗོད་འདུག

ཁོང་གིས་བརྗོད་རྒྱུར། “ཨུ་རུ་སུས་ངེས་པར་དུ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་བཀུར་བྱ་དགོས་པ་དང་། གལ་ཏེ་ང་ཚོས་དེ་ལྟ་བུའི་བཙན་འཛུལ་གྱི་བྱ་སྤྱོད་ལ་ཉན་ཙམ་ལྟ་ཙམ་བྱས་ནས་བཞག་ན། ཨུ་རུ་སུས་རང་སྣང་གང་ཤར་དང་གང་འདོད་ཅི་དགར་གྱི་བྱ་སྤྱོད་སྤེལ་ངེས་ཡིན། གལ་སྲིད་ང་ཚོར་རྒྱལ་སྤྱིའི་སྒྲིག་གཞི་ཡི་རྩ་བའི་རྩ་འཛིན་ལ་སྲུང་སྐྱོབ་བྱ་རྒྱུའི་འདོད་པ་ཡོད་ན། ངེས་པར་དུ་མནའ་མཐུན་མཉམ་འབྲེལ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་ལམ་ནས་བྱ་སྤྱོད་སྤེལ་དགོས།”

ཐེངས་འདིའི་ཚ་ཚ་འུར་འུར་གྱི་ཨ་རིའི་སྲིད་འཛིན་འོས་འགྲན་ཁྲོད་ཞུགས་གཏན་ཁེལ་བའི་རྗེབ་བྷུ་ཤི་ནི་སྲིད་འཛིན་ཟུར་པ་བྷུ་ཤི་ཡི་སྤུན་ཆུང་བ་ཡིན་པ་མ་ཟད། ཁོང་གི་པཱ་ལགས་ཀྱང་ཨ་རིའི་སྲིད་འཛིན་ཟུར་པ་ཡིན་སྟབས། ཁོང་གིས་ད་ལྟ་ནས་པཱ་ལགས་དང་གཅེན་པོ་ལ་བསྔགས་བརྗོད་བཏང་ཡོད་ཀྱང་། གལ་ཏེ་ལོ་རྗེས་མར་ཨ་རིའི་ཕོ་བྲང་དཀར་པོའི་བདག་པོ་རུ་གྱུར་པ་ཡིན་ན་ཁོང་རང་ཉིད་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

འོན་ཀྱང་། ཉེ་ཆར་ཁོང་ལ་སྤུན་ཆེ་བ་སྲིད་འཛིན་ཟུར་པ་བྷུ་ཤི་དང་མི་འདྲ་བའི་བྱེད་ཐབས་ཐོག་ནས་ཨི་རག་གི་དམག་འཁྲུག་གནད་དོན་ཐག་གཅོད་བྱ་སྲིད་མིན་སྐོར་དྲིས་སྐབས། རྗེབ་བྷུ་ཤི་ལགས་ལ་དེའི་སྐོར་ལངས་ཕྱོགས་ཁ་གསལ་གྱི་ལན་འདེབས་གང་ཡང་བྱ་རྒྱུ་མེད་པ་མ་ཟད། མཇུག་མཐར་ཁོང་གིས་ད་ལྟའི་ཤེས་རྟོགས་ཐུབ་པའི་གནས་ཚུལ་ལ་གཞིགས་ན། ཁོང་གིས་ཨི་རག་གི་ཐོག་ལ་དམག་འཁྲུག་བརྒྱབ་མི་སྲིད་ལུགས་བརྗོད།

ཝར་རྗི་ནི་ཡ་སློབ་གྲྭ་ཆེན་མོའི་མཁས་དབང་ལེ་རཱི་ས་བྷ་ཊོ་ (Larry Sabato) ཡིས་བརྗོད་དོན། རང་ཉིད་ཀྱི་ཆབ་སྲིད་སྣང་བརྙན་ཞིག་བསྐྲུན་རྒྱུ་ནི་རྗེབ་བྷུ་ཤི་ཡི་ངོས་ནས་བཤད་ན་གལ་ཆེ་ཤོས་ཤིག་རེད། ཆབ་སྲིད་པ་གཞན་དག་དང་འདྲ་བར། རྗེབ་བྷུ་ཤི་ཡིས་ཕྱོགས་གཉིས་ལ་བསྟུན་དགོས་པ་ཆགས་ཡོད། གཅིག་ནས་བྷུ་ཤི་ཁྱིམ་རྒྱུད་ཀྱི་མཚན་སྙན་ལ་བརྟེན་ནས་འོས་མིར་ལངས་ཐུབ་པ་བྱ་རྒྱུ་དང་། གཞན་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་དམིགས་བསལ་གྱི་ཁྱད་ཆོས་འབར་དུ་བཏོན་དགོས། ཡིན་ནའང་མེ་ཆུ་མཉམ་དུ་མི་གནས་པ་བཞིན། སྤུན་ཆེ་བ་རྗོའུ་ཇི་བྷུ་ཤི་ཡི་རྙོག་གླེང་ཅན་གྱི་སྲིད་འཛིན་དུས་སྐབས་ཡི་རྒྱུ་རྐྱེན་ལ་བརྟེན་ནས། རྗེབ་བྷུ་ཤི་ལ་ཤུགས་རྐྱེན་ཐེབས་ངེས་རེད།”

ཝ་ཤིང་ཌོན་དུ་རྟེན་གཞི་བྱས་པའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཆེད་མཁས་པ་རྗོན་ཧྥོར་ཁྲིའུ་ (John Fortier) ཡིས་བརྗོད་དོན། “རྗེབ་བྷུ་ཤི་ལ་མིང་དང་ཉམས་མྱོང་གཉིས་ཀ་ཡག་པོ་ཡོད་ལ། རྒྱབ་སྐྱོར་བ་ཧ་ཅང་མང་བ་མ་ཟད། མ་དངུལ་འདུ་འགོད་ཀྱི་ནུས་པ་ལྡན། ཡིན་ནའང་ལྟ་བ་མཁྲེགས་འཛིན་ཤོག་ཁག་གི་འོས་མི་ཞིག་ཡིན་པའི་ཆ་ནས། ཁོང་གིས་ཡུལ་མི་གནས་སྤོ་སྲིད་ཇུས་དང་སློབ་གསོ་སྲིད་ཇུས་སོགས་ཀྱི་ལངས་ཕྱོགས་ཐད། ལྟ་བ་ཧ་ཅང་མཁྲེགས་འཛིན་ མི་སྣས་དགའ་མོས་མི་བྱ་བའི་འགལ་རྐྱེན་འཕྲད་ངེས།”

སྤྱི་མཐུན་ཚོགས་པའི་འཐབ་ཇུས་ཆེད་མཁས་པ་ཧྤོ་ཌི་ཨོ་ཁོ་ནོལ་ (Ford O’Connell ) གྱིས་བརྗོད་རྒྱུར། “རྗེབ་བྷུ་ཤི་ཡིས་སྲིད་འཛིན་འོས་མིར་ལངས་རྒྱུའི་ཁྱབ་བསྒྲགས་བྱས་མ་ཐག མང་ཚོགས་ཀྱི་མདུན་དུ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་འབུར་དུ་བཏོན་རྒྱུ་དེ་དཀའ་གནད་གཙོ་བོ་གཅིག་ཆགས་ཡོད། ཁོང་གི་ཁྱིམ་རྒྱུད་ཀྱི་མཚན་སྙན་དེ་མ་དངུལ་འདུ་འགོད་ཕྱོགས་ཀྱི་མཐུན་གྲོགས་ཡག་ཤོས་སུ་གྱུར་ཡོད་པ་མ་ཟད། རྐང་པ་འཛུགས་སའི་ཆབ་སྲིད་ཀྱི་རྒྱབ་རྟེན་ཆེ་ཤོས་སུ་གྱུར་ཡོད། སྤྱི་མཐུན་ཚོགས་པའི་ཕྱོགས་གཏོགས་ཀྱི་རླུང་བརྙན་འཕྲིན་བརྒྱུད་ལམ་ཁག་གིས་རྗེབ་བྷུ་ཤི་ལ་ཆེད་དུ་དམིགས་ཏེ། ལེ་ཚན་ཁག་གི་ནང་དུ་ཁོང་འོས་འགྲན་གྱི་ལྡིངས་ཆའི་སྟེང་འབུར་དུ་བཏོན་བཞིན་ཡོད།

ཉེ་ཆར་གསར་ཏུ་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་བྱས་པ་ལས་མངོན་པ་ལྟར་ན། རྗེབ་བྷུ་ཤི་ཡི་རྒྱབ་སྐྱོར་གྱི་ཚད་གཞི་དེ་སྤྱི་མཐུན་ཚོགས་པའི་འོས་མི་༡༠ ཡི་མདུན་གྲས་སུ་སླེབས་ཡོད་ཅིང་། ཁོང་དང་མཐོ་དམའ་མེད་པའི་འོས་མི་གཉིས་ནི། ཝི་སི་ཁོན་སན་མངའ་སྡེའི་སྤྱི་ཁྱབ་སི་ཀོ་ཊི་ཝོལ་ཁི་ (Scott Walker ) དང་། ཧྥི་ལོ་རི་ཌའི་འཐུས་མི་མའ་ཁོ་རུ་བྷིའོ་ (Marco Rubio )གཉིས་ཡིན་འདུག རྗེབ་བྷུ་ཤི་ཡིས་སྲིད་འཛིན་འོས་མར་ལངས་རྒྱུའི་ཁྱབ་བསྒྲགས་བྱས་པའི་རྗེས། ཁོང་ནི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་འགྲན་རྩོད་པ་ཨང་༡༡ པ་དེ་ཆགས་རྒྱུ་ཡིན་པ་རེད།།

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

Share this:
༡༡༧ ཀློག་གྲངས།