བོད་མིའི་དབུ་ཁྲིད་ངོས་ནས་སྐུའི་འཁྲུངས་སྐར་ལ་འཚམས་འདྲིའི་བརྙན་ཐུང་འགྲེམས་སྤེལ།

དེ་རིང་བཞུགས་སྒར་རྡ་རམ་ས་ལར་༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན། བོད་མིའི་དབུ་ཁྲིད་ངོས་ནས་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བརྙན་ཐུང་ཞིག་འགྲེམས་སྤེལ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་སོང་བ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ངོ་སྤྲོད་གསུངས་བཤད་གནང་སོང་།

DSC_00181ཟླ་འདིའི་ཕྱི་ཚེས་༡༧ རེས་གཟའ་ལྷག་པའི་ཉིན་གྱི་ཞོགས་པར། བཞུགས་སྒར་རྡ་ས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷག་པ་ཚེ་རིང་ཚོགས་ཁང་དུ་༧གོང་ས་མཆོག་ཕྱི་ལོ་༢༠༡༥ ཟླ ༧ ཚེས་༦ ཉིན། དགུང་གྲངས་༨༠ ཕེབས་པའི་སྐུའི་གྱ་སྟོན་གྱི་རྟེན་འབྲེལ་ཉིན་མོར་ཆེད་དུ་འཚམས་འདྲི་ཞུ་བའི་གློག་བརྙན་ཐུང་ངུ་ཞིག་འགྲེམས་སྤེལ་གྱི་གསར་འགོད་གསལ་བསྒྲགས་སྤེལ་སོང་བ་དང་། མཛད་སྒོའི་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཆེད་ཕེབས་ཀྱིས་གསུངས་བཤད་གནང་སྐབས། ཁོང་གིས་“འདི་ལོའི་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༧སྐུའི་གྱ་སྟོན་ཉིན། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་དང་བཞུགས་སྒར་རྡ་རམ་ས་ལར། ཡུ་རོབ་སོགས་ས་ཕྱོགས་གང་སར་ནས་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུ་འཆར་ཡོད་ཀྱང་། འཛམ་གླིང་སྤྱི་ཡོངས་སུ་༧ གོང་ས་མཆོག་ལ་དགའ་མོས་བྱེད་མཁན་གྱི་མི་གྲངས་ས་ཡ་མང་པོ་ཡོད་པར་བརྟེན། དབུས་བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་ལས་ཁུངས་ནས་རྒྱ་བོད་དབྱིན་གསུམ་ནང་གཟིགས་ཐུབ་པའི་དུས་ཡུན་སྐར་མ་གསུམ་ཅན་གྱི་གློག་བརྙན་ཐུང་ངུ་ཞིག་འགྲེམས་སྤེལ་གྱི་ལམ་ནས། འཛམ་གླིང་ས་ཕྱོགས་གང་སའི་མི་རྣམས་ལ་གཟུགས་འབུལ་ཐུབ་པ་བྱ་རྒྱུ་ཡིན་”སྐོར་སོགས་གསུངས་སོང་།

དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་ལས་ཁུངས་ནས་ཡིག་ཐོག་ཏུ་འཁོད་པའི་གསར་འགོད་གསལ་བསྒྲགས་ཤིག་སྒྲོགས་སྦྱང་གནང་སོང་བ་དེའི་འཁོད་པར་གཞིགས་ན། བརྙན་འཕྲིན་འདིའི་ནང་དོན་གཙོ་བོ་ནི། ཆོས་དཔོན་ཊུ་ཊུ་མཆོག་གིས་༧ གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དང་འཚམས་འདྲི་ཞུ་བ། ལྷག་པར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་རིགས་སྤྱི་ལ་བདེ་སྐྱིད་བསྐྲུན་ཐབས་མཛད་པ་དང་། འཛམ་གླིང་ཡོངས་ལ་ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་ལ་སྲུང་སྐྱོབ་བཅས་ཀྱི་མཛད་འགན་བཞེས་ཡོད་པ་རྣམས་གསལ་འདོན་ཞུས་ཡོད།

གསལ་བསྒྲགས་ནང་མུ་མཐུད་དུ། བོད་མིའི་སྲོལ་རྒྱུན་ལྟར་ན་མི་ལོ་བརྒྱད་ཅུར་སོན་སྐབས་གྱ་སྟོན་ཞེས་ཧ་ཅང་གལ་གནད་ཅིག་ལ་ངོས་འཛིན་གྱིས་དུས་སྟོན་སྲུང་བརྩི་ཞུ་སྲོལ་ཡོད། དེར་བརྟེན་ཐེངས་འདིར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གྱ་སྟོན་ལ་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་དད་ལྡན་མི་དམངས་དང་རྒྱབ་སྐྱོར་བ་རྣམས་ནས་མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་ནང་། ཞི་བདེ་དང་བཟང་སྤྱོད་གོང་སྤེལ་གྱི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུ་སླད་བརྙན་འཕྲིན་འདི་རྒྱ་ཆེ་ཁྱབ་སྤེལ་བྱེད་རྒྱུའི་རེ་བ་ཞུ་བཞིན་ཡོད། འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་མི་མང་ས་ཡ་མང་པོས་གཙོས་བོད་ནང་གི་བོད་མི་རྣམས་ནས་ཀྱང་རྒྱ་ནག་གཞུང་གི་དམ་དྲག་བྱེད་མུས་ལ་མ་ལྟོས་པར། འདི་ལོར་༧སྐུའི་གྱ་སྟོན་སྲུང་ཞུ་འཆར་ཡོད་སྐོར་སོགས་འཁོད་འདུག

རིང་མིན་ཕྱི་ཟླ་༦ ཚེས་༢༡ རེས་གཟའ་ཉི་མ་དང་བོད་ཟླ་༥ པའི་ཚེས་༥ ཏེ་བོད་ལུགས་ཀྱི་འཁྲུངས་ཚེས་ཉིན། བཞུགས་སྒར་རྡ་རམ་ས་ལར་༧གོང་ས་མཆོག་ལ་དམིགས་བསལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་དང་། སྐབས་དེར་འཛམ་གླིང་གི་ས་ཕྱོགས་འདྲ་མིན་ནས་གནད་ཡོད་མི་སྣ་དང་སྐུ་མགྲོན་ཕེབས་རྒྱུ་ཡིན་འདུག

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

Share this:
༡༢༣ ཀློག་གྲངས།