ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་བཅོས་བསྒྱུར་ཐག་གཅོད་ལ་འགལ་རྐྱེན་འཕྲད་བཞིན་པ།

པེ་ཅིང་སྲིད་གཞུང་གིས་གཏན་འབེབས་བྱས་པའི་ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་བཅོས་བསྒྱུར་ལས་གཞིའི་ཐོག་ཁྲིམས་བཟོ་ལྷན་ཁང་ནང་འོས་འཕེན་པའི་ལམ་ནས་ཐག་གཅོད་ཐུབ་རྒྱུའི་རེ་བ་བྱས་ཡོད་ཀྱང་། ཧོང་ཀོང་མང་གཙོའི་ཚོགས་སྡེ་ཁག་གིས་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་པ་རེད།

150617054812_hongkong_flags_640x360_bbcchineseཔེ་ཅིང་སྲིད་གཞུང་གིས་འཆར་འགོད་བྱས་པའི་ཕྱི་ལོ་༢༠༡༧ ལོའི་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཙོ་འཛིན་འོས་འདེམས་གཏན་འབེབས་ནང་། ཐེངས་དང་པོར་ཧོང་ཀོང་མི་མང་གིས་འོས་བླུག་སྟེ་སྲིད་གཞུང་གི་འགོ་ཁྲིད་གདམ་པའི་ཆོག་མཆན་ཐོབ་ཡོད་ཀྱང་། གཙོ་འཛིན་གྱི་འོས་མི་རྣམས་འོས་བསྡུ་ལྷན་ཁང་བརྒྱུད་དེ་བཀའ་ཁྲོལ་ཐོབ་དགོས་པ་མ་ཟད། འོས་བསྡུ་ལྷན་ཁང་དེའི་ཚོགས་མི་༡༢༠༠ ཡོད་པའི་ནང་གི་མང་ཤོས་པེ་ཅིང་ཕྱོགས་གཏོགས་ཀྱི་མི་ཡིན་པར་བརྟེན། ཧོང་ཀོང་གི་སློབ་ཕྲུག་གཙོས་པའི་མང་གཙོའི་ཚོགས་སྡེ་དང་སྒྲིག་འཛུགས་ཁག་གིས། དེ་ནི་མང་གཙོའི་རྣམ་པ་རྫུན་མ་ཡིན་པའི་སྐྱོན་བརྗོད་འོག་ངོ་རྒོལ་བྱེད་བཞིན་ཡོད།

ཧོང་ཀོང་ཁྲིམས་བཟོ་ལྷན་ཁང་གིས་ཟླ་འདིའི་ཕྱི་ཚེས་༡༨ རེས་གཟའ་ཕུར་བུའི་ཉིན་གྱི་སྔ་དྲོའི་ཆུ་ཚོད་༩ པར་ཚོགས་འདུ་བསྐྱར་གསོ་བྱས་ཏེ། ཆབ་སྲིད་བཅོས་བསྒྱུར་ལས་གཞིའི་སྐོར་མུ་མཐུད་དུ་བགྲོ་གླེང་བྱས་ཡོད་ཅིང་། དེའི་སྔ་ཉིན་གྱི་རེས་གཟའ་ལྷག་པར་གྲོས་ཚོགས་འཐུས་མི་༢༥ ཡིས་གཏམ་བཤད་སྤེལ་ཡོད་པའི་ནང་། འཐུས་མི་༩ ཡིས་ལས་གཞི་དེར་རྒྱབ་སྐྱོར་དང་། འཐུས་མི་༡༩ ཡིས་ངོ་རྒོལ་བྱས་ཡོད་འདུག

150618025056_beijing_supporters_640x360_bbcchineseགནད་དོན་དབྱེ་ཞིབ་པ་ཚོས་བརྗོད་པ་ལྟར་ན། ཆབ་སྲིད་བཅོས་བསྒྱུར་གྲོས་འཆར་ལ་ངོ་རྒོལ་ཤུགས་ཆེན་བྱུང་སྟེ། ཧ་ལམ་གྲོས་ཚོགས་ནས་གཏན་འབེབས་བྱ་མི་ཐུབ་པ་ལྟར་གྱུར་ཡོད་ལ། པེ་ཅིང་ཕྱོགས་ནས་གྲོས་འཆར་དང་ལས་གཞི་གསར་པ་དེ། ཕྱི་ལོ་༡༩༩༧ སྔོན་གྱི་དབྱིན་ཇིའི་མི་སེར་སྤེལ་བའི་དབང་བསྒྱུར་འོག་མི་ལོ་༡༠༠ ལྷག་རིང་གི་ཧོང་ཀོང་གི་དུས་སྐབས་གང་དང་བསྡུར་ནའང་། མང་གཙོ་ཤུགས་ཆེ་བ་ཡོད་པའི་ཡར་རྒྱས་དང་མདུན་བསྐྱོད་ཀྱི་བཅོས་བསྒྱུར་ཞིག་ཡིན་སྐོར་བརྗོད་བཞིན་ཡོད་ནའང་། ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་རྣམས་ཀྱིས། པེ་ཅིང་གིས་བཏོན་པའི་གྲོས་འཆར་དེའི་བརྒྱུད་རིམ་མང་གཙོའི་ཚད་དང་མི་ལྡན་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་མ་ཟད། མང་གཙོའི་ལས་འགུལ་བ་དེ་དག་ཁྲོད་ཀྱི་མང་ཤོས་ཤིག་ལོ་སྔོན་མར་གཞུང་ལ་ངོ་རྒོལ་གྱི་གཞི་རྒྱ་ཆེ་བའི་ལས་འགུལ་ནང་འཛུལ་ཞུགས་བྱས་ཡོད་པ་རེད།

གཞུང་ལ་ངོ་རྒོལ་བྱེད་མཁན་ཁག་ཅིག་གིས་ཆབ་སྲིད་བཅོས་བསྒྱུར་ལས་གཞི་ཡིས་ཕྱི་ལོ་༢༠༡༢ ལོའི་ལོ་རྒྱུས་བསྐྱར་དུ་འཁྲབ་སྟོན་བྱ་སྲིད་པའི་སེམས་འཚབ་ཡོད་སྐོར་བརྗོད་བཞིན་པ་དང་། ལོ་དེར་ཧོང་ཀོང་མི་མང་ནང་དགའ་བསུ་མེད་པའི་གནས་སྟངས་འོག པེ་ཅིང་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་པའི་སྐུ་ཞབས་ལའེ་ཀྲན་ཡཱན་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཙོ་འཛིན་དུ་གྱུར་ཡོད།

རེས་གཟའ་ལྷག་པའི་ཉིན་གཞུང་གི་ལས་གཞི་ལ་རྒྱབ་སྐྱོར་བྱེད་མཁན་དང་ངོ་རྒོལ་བྱེད་མཁན་གྱི་མི་སྣ་བརྒྱ་ཕྲག་མང་པོ་ཁྲིམས་བཟོ་ལྷན་ཁང་གི་ཕྱི་ལོགས་སུ་འདུ་འཛོམས་བྱས་ཏེ། རྒྱབ་སྐྱོར་བ་རྣམས་ཀྱི་རྒྱ་ནག་གི་སྐར་ལྔའི་དར་དམར་གཡུགས་པ་དང་། ངོ་རྒོལ་ལས་འགུལ་བ་དག་གིས་ཆབ་སྲིད་བཅོས་བསྒྱུར་ནི“མང་གཙོ་རྫུན་མ” ཡིན་པའི་སྐྱོན་བརྗོད་བྱས་ཡོད་འདུག

ཧོང་ཀོང་གི་བདེ་འཇགས་ལྟ་སྲུང་གནས་སྟངས་དང་ནམ་རྒྱུན་ལས་དམ་དྲག་ཆེ་བ་ཡོད་པ་དང་། ཉེན་རྟོག་པའི་ཕྱོགས་ནས་རྫས་འགྱུར་གྱི་སྒམ་ཆུང་སྦས་སྐུང་བྱེད་ས་ཞིག་རྙེད་སོན་བྱུང་སྟེ། མི་༡༠ འཇུ་བཟུང་བྱས་ཡོད་པ་དང་། དེའི་ཁྲོད་ཀྱི་མི་༦ ལ་འབར་འགད་གཡོ་ཇུས་ཉེས་འཛུགས་བྱས་ཡོད་འདུག གཞུང་ཕྱོགས་ནས་ད་དུང་འབར་འགད་ཀྱི་གཡོ་ཇུས་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་ཁྱབ་བསྒྲགས་བྱས་མེད་ཅིང་། ཁ་གཏད་ཤོག་ཁག་གི་ལས་འགུལ་མི་སྣ་ཁ་ཤས་ཀྱིས་བྱེད་སྟངས་དེ་ནི་བར་མ་ཆད་པའི་ཞི་བའི་མང་གཙོའི་ལས་འགུལ་ནག་པོ་བཟོ་ཐབས་ཤིག་ཡིན་པའི་དོགས་པ་བྱེད་བཞིན་པ་རེད།།

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

Share this:
༥༦ ཀློག་གྲངས།