བོད་ཀྱི་ཆོས་བརྒྱུད་ཁག་གི་ཆོས་ཚོགས་ཐེངས་༡༢ པ་དྷ་སར་འཚོག་པ།

ཟླ་འདིའི་ཚེས་༡༨ ནས་༢༠ བར་ཉིན་གསུམ་རིང་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་ཚོགས་ཐེངས་༡༢ པ་དེ་བཞུགས་སྒར་དྷ་སའི་སུརྱ་གསོལ་མགྲོན་ཁང་དུ་འཚོགས་སོང་།

ཚོགས་མགོན་དུ་དབུ་ཁྲིད་བླ་ཆེན་ཁག་དང་བླ་ཆེན་ཁག་གི་སྐུ་ཚབ། དམིགས་བསལ་སྐུ་མགྲོན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བཅས་ཞབས་སོར་འཁོད་རྗེས། དབུ་ཁྲིད་བླ་ཆེན་རྣམ་པ་དང་། སྲིད་སྐྱོང་བཅས་ནས་ཆོས་ཚོགས་དབུ་འབྱེད་ཀྱི་སྣང་གསལ་མར་མེ་ཞལ་དབྱེ་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ལྕོག་གྲྭ་བཞི་ནས་ཤིས་བརྗོད་གསུང་འདོན་གནང་རྗེས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱི་མཚོན། ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། ཉེ་ཆར་རྒྱ་བལ་བོད་གསུམ་དུ་ས་གཡོའི་གོད་ཆག་ཁྲོད་འདས་གྲོངས་གྱུར་པ་རྣམས་ཀྱི་དོན་དུ་མྱ་ངན་གུས་འདུད་སྐར་མ་གཅིག་རིང་གནང་སོང་།

དེ་རྗེས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ནས་ཚོགས་འདུའི་ངོ་སྤྲོད་གསུང་བཤད་གནང་བ་དང་། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནས་བཀའ་ཤག་གི་གསུང་བཤད། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧ སྐྱབས་རྗེ་འབྲུག་ཆེན་རིན་པོ་ཆེ་མཆོག་གི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན་མཆོག་ནས་གསུང་བཤད། སྔ་འགྱུར་བསྟན་པའི་མངའ་བདག་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་ཚབ་སྔsmall1་འགྱུར་བསྟན་པའི་གསལ་བྱེད་ཀ༔ཐོག་དགེ་རྩེ་རིན་པོ་ཆེ་མཆོག་ནས་གསུང་བཤད་གནང་སོང་།

དེ་ནས་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་༧ སྐྱབས་རྗེ་སྟག་ལུང་ཞབས་དྲུང་རིན་པོ་ཆེ་མཆོག་ནས་བཀའ་སློབ། གཡུང་དྲུང་བོན་གྱི་བསྟན་བདག་༧ སྐྱབས་རྗེ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་བཀའ་སློབ། འཇམ་མགོན་རྒྱལ་བའི་རྒྱབ་ཚབ་༧ སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་བཀའ་སློབ། སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༧དཔལ་རྒྱལ་བ་༧ཀརྨ་པ་རིན་པོ་ཆེ་མཆོག་གི་བཀའ་སློབ། འཁོན་རིགས་བསྟན་པའི་གཙུག་རྒྱན་༧ དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གི་བཀའ་སློབ་བཅས་གནང་སོང་།

གོང་གསལ་བཀའ་སློབ་ཁག་ལས་བོད་ཀྱི་འདས་པའི་ལོ་རྒྱུས་ནང་ཆོས་བརྒྱུད་ཚང་མ་མཉམ་དུ་འཛོམས་ནས་ཚོགས་ཆེན་འཚོག་པའི་བྱུང་རབས་མེད་པ་དང་། ༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ད་ཆ་ང་ཚོ་ཚོགས་ཁང་གཅིག་གི་ནང་བོད་ཀྱི་ཆོས་བརྒྱུད་ཚང་མ་མཉམ་དུ་འཚོག་ཐུབ་པ་བསྐལ་བ་བཟང་པོ་ཡིན་པ། ད་ཆ་ཡག་པའི་ཆ་ལ་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་ནས་ནང་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད་པ་དང་། སྡུག་པའི་ཆ་ནས་འབར་མ་སོགས་ནས་ཆོས་ལུགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པས་དེ་ཚོའི་སྐོར་ལ་དགོངས་པ་བཞེས་དགོས་སྐོར་དང་། དེ་བཞིན་ནང་ཆོས་ལ་ཆོས་བརྒྱུད་ཚང་མས་སློབ་གཉེར་ལ་སྔར་ལྷག་འབད་བརྩོན་བྱེད་དགོས་སྐོར་སོགས་གསུང་སོང་།

དེ་རྗེས་ད་བར་ཆོས་ཚོགས་ཐེངས་དང་པོ་ནས་བཅུ་གཅིག་བར་གྱི་བྱུང་རིམ་དེབ་གཟུགས་སུ་བཀོད་པ་ཞིག་༸ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་དབུ་འབྱེད་གནང་སོང་། མཇུག་ཏུ་ཆོས་རིག་དྲུང་ཆེ་རྒྱལ་གླིང་དོན་གྲུབ་རྡོ་རྗེ་ལགས་ནས་ཐུགས་རྗེ་ཆེ་ཞུས་རྗེས་མཛད་སྒོ་གྲོལ་སོང་།

ཆོས་ཚོགས་ཐེངས་བཅུ་གཉིས་པ་དང་ཉིན་གསུམ་རིང་འཚོག་རྒྱུ་ཡིན་པ་དང་། ཆོས་ཚོགས་ཐེངས་༡༡ པའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་། དགེ་སློང་མ་སླར་གསོ་ཡོད་མེད་སྐོར་ལ་བཀའ་སྡུར། བཤད་གྲྭ་དང་སྒྲུབ་གྲྭའི་བསླབ་པ་སློབ་གཉེར་གནང་སྟངས་སྐོར། དེང་དུས་ཚན་རིག་ངོ་སྤྲོད་གནང་ཐབས་སྐོར། ཆོས་བརྒྱུད་སོ་སོའི་ཁྱབ་ཁོངས་ཕྱི་རྒྱལ་ཆོས་ཚོགས་ཁག་གི་བླ་མ་དང་དགེ་རྒན་ཚད་ལྡན་ཡོང་ཐབས་ཇི་དགེའི་སྐོར། ཕྱི་རྒྱལ་དུ་ཡོད་པའི་དོལ་རྒྱལ་རྗེས་འབྲང་པ་རྣམས་ནས་༧གོང་ས་མཆོག་ལ་མཚན་སྨད་ངོ་རྒོལ་ཞུ་མཁན་ལ་ཞི་བའི་སྒོ་ནས་གདོང་ལེན་བྱ་ཐབས་སྐོར་བཅས་ལ་བཀའ་བསྡུར་གནང་རྒྱུ་ཡིན་འདུག།

གསར་འགོད་པ་ངག་དབང་ཐར་པ།

Share this:
༡༢༦ ཀློག་གྲངས།