༧གོང་ས་མཆོག་ལ་རང་དབང་གཟེངས་རྟགས་འབུལ་འཆར།

ཡུན་རིང་ལོ་རྒྱུས་ལྡན་པའི་ཨ་རིའི་གྲོང་ཁྱེར་ཧྤི་ལཱ་ཌེལ་ཧྥི་ཡེའི་ནང་རྟེན་གཞི་བྱས་པའི་རྒྱལ་ཡོངས་རྩ་ཁྲིམས་ལས་དོན་ལྟེ་གནས་ཁང་གིས། ༧གོང་ས་མཆོག་ལ་ཕྱི་ལོ་༢༠༡༥ལོའི་“གལ་ཆེའི་རང་དབང་གཟེངས་རྟགས་”འབུལ་རྒྱུ་ཡིན་འདུག

EE01725D-BB55-4736-95CA-FCDB34D77C6B_mw1024_s_nཟླ་འདིའི་ཕྱི་ཚེས་༡༧ རེས་གཟའ་ལྷག་པའི་ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་།ལྟེ་གནས་ཁང་གི་གཙོ་འཛིན་སྐུ་ཞབས་ཇེ་ཧྥི་རེ་རའོ་སན་(Jeffrey Rosen)གྱིས། “ང་ཚོས་དགའ་ཚོར་ཆེན་པོའི་ངང་གསལ་བསྒྲགས་ཞུ་རྒྱུ་ཞིག་ལ། འདི་ལོའི་རང་དབང་གི་གཟེངས་རྟགས་(Liberty Medal)དེ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་འབུལ་གཏན་འཁེལ་བ་ཡིན། དེ་ཡང་༧གོང་ས་མཆོག་གིས་བོད་མི་མང་གི་བདེ་དོན་དང་། འཛམ་གླིང་ཁྱོན་ཡོངས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཡོང་ཐབས། དེ་བཞིན་འགྲོ་བ་མི་ཚང་མ་གཅིག་པ་ཡིན་པའི་ཆ་ནས་ཚང་མར་ལྟ་སྟངས་དང་ཐོབ་ཐང་འདྲ་མཉམ་དགོས་པ། དཀའ་རྙོག་ཡོད་པ་རྣམས་ཞི་མོལ་གྱི་ལམ་ནས་སེལ་དགོས་པ། ཕན་ཚུན་བརྩི་བཀུར་དང་བཟོད་བསྲན་ སོགས་ཀྱི་ལམ་སྟོན་བཟང་པོའི་མཛད་འཁུར་རྒྱ་ཆེ་བཞེས་ཏེ། འཛམ་གླིང་ཁྱོན་ཡོངས་ཀྱི་ནང་རང་དབང་གི་ཁྱབ་སྤེལ་དུ་གཏོང་གནང་མཛད་ཀྱི་ཡོད་པ་དེ་ནི། རང་དབང་གཟེངས་རྟགས་ཀྱི་ཁྱད་ཆོས་ཡོངས་སུ་ཚང་བ་ཞིག་ཡིན་སྟབས། ད་རེས་༧གོང་ས་མཆོག་ལ་གཟེངས་རྟགས་འདི་འབུལ་རྒྱུའི་ཐག་གཅོད་བྱས་པ་ཡིན་”ཞེས་བརྗོད་ཡོད་པ་རེད།

གནས་ཚུལ་དེ་ཐོན་པའི་རྗེས༧གོང་ས་མཆོག་གིས་གསུང་འཕྲིན་ཞིག་བསྩལ་ཏེ་གང་ཉིད་ལ་གྲོང་ཁྱེར་ཧྤི་ལཱ་ཌེལ་ཧྥི་ཡེའི་ནང་། རང་དབང་གི་གཟེངས་རྟགས་གནང་གི་ཡོད་པ་དེ་ནི་ཧ་ཅང་གི་གཟི་བརྗིད་ཡིན་ལུགས་གསུངས་པ་དང་འབྲེལ། མོས་གུས་ཆེན་པོ་བྱ་ཡུལ་གྱི་དབུ་ཁྲིད་གཞན་དག་མང་པོར་ཕུལ་བའི་གཟེངས་རྟགས་འདི་འདྲ་ཞིག ད་ཐེངས་ངོས་རང་ལའང་གནང་གི་ཡོད་པར་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་ལ། གཞི་རྩའི་བྱམས་བརྩེ་དང་འབྲེལ་བའི་བསླབ་བྱ་ཁྱབ་སྤེལ་གཏོང་རྒྱུ་ནི། ངའི་མི་ཚེ་ཧྲིལ་པོར་འབད་བརྩོན་བྱ་རྒྱུའི་ལས་དོན་གཙོ་བོའི་གྲས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། དེ་དག་ལ་ངོས་འཛིན་ཐོབ་སའི་ས་གནས་ནི་སྤུན་ཟླ་ཕོ་མོའི་མཛའ་བཤེས་ཟབ་པའི་གྲོང་ཁྱེར་ཧྥི་ལཱ་ཌེལ་ཧྥི་ཡེ་ལས་ལྷག་པ་ཞིག་མེད་ཅེས་བཀའ་གནང་འདུག

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

Share this:
༩༧ ཀློག་གྲངས།