ཨོ་བྷ་མར་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་པ།

འོན་ཀྱང། མཁས་དབང་དང་ཆབ་སྲིད་མི་སྣ། ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན། དེ་བཞིན་ཨ་རིའི་ཡུལ་མི་མང་པོས་ཞི་བདེའི་གཟེངས་རྟགས་ཕུལ་བ་སྔ་དྲགས་སོང་ཟེར་ནས་སྐྱོན་བརྗོད་ཀྱང་བྱས་ཡོད་པ་རེད། 
དེ་ཡང་ཟླ་འདིའི་ཚེས་༩ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མར་འཛམ་གླིང་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་ཐག་གཅོད་གནང་ཡོད་པ་དང༌། ཚེས་༡༠ ཉིན་ནིའུ་ཡོག་དུས་བབ་ཚགས་ཤོག་སྟེང་ནས་གནས་ཚུལ་སྤེལ་བ་ལྟར་ན། ལོ་འདིའི་ཞི་བདེའི་གཟེངས་རྟགས་ཀྱི་འོས་གཞིའི་ནང་མི་གྲངས་༢༠༥ བྱུང་ཡོད་པ་དང༌། དེའི་ནང་ནས་རྒྱ་ནག་གི་མི་རིགས་ཧུའུ་ཅཱ་ཡང་ཚུད་ཡོད་པ་རེད། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྷན་ཚོགས་ཀྱིས། ཐེངས་འདིའི་ཞི་བདེའི་གཟེངས་རྟགས་དེ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ལ་འབུལ་རྒྱུ་ཡིན་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང༌། ནོར་ཝེ་གྲོང་ཁྱེར་ནས་ཝ་ཤིང་ཊོན་བར་གྱི་མི་རྣམས་གློ་བུར་དུ་ཧང་སངས་བཅུག་ཡོད་པ་རེད། ད་ཐེངས་ཀྱི་ཨ་རིའི་སྲིད་འཛིན་མཆོག་ལ་གཟེངས་རྟགས་ཐོབ་པ་དེ་ནི། མི་ལོ་༡༠ ནང་ཨ་རིའི་ཆབ་སྲིད་ཀྱི་ལས་དོན་བྱེད་མཁན་ལ་གཟེངས་རྟགས་ཐོབ་པ་ཐེངས་གསུམ་པ་དེ་ཆགས་ཡོད་ཅིང། དེ་ཡང་༢༠༠༢ ནང་ Jimmy Carter ཇིམ་མིས་ཁར་ཊར་དང། ༢༠༠༧ ནང་AI Gore ཨ་ཇཱོ་རི་གཉིས་ལ་གཟེངས་རྟགས་ཐོབ་ཡོད་པ་རེད། དེ་བཞིན་སྔོན་དུས་༡༩༠༦ ལོར་ཨ་རིའི་Theodore Roosevelt དང༌། ཕྱི་ལོ་༡༩༡༩ ལོར་ Woodrow Wilson གཉིས་ལའང་གཟེངས་རྟགས་ཐོབ་མྱོང་ཡོད་པ་རེད།
སྲིད་འཛིན་ཨོ་བྷ་མར་ཞི་བདེའི་གཟེངས་རྟགས་འབུལ་དགོས་པའི་རྒྱུ་མཚན་གཙོ་བོ་རྣམས། ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཀྱི་དྲིལ་བསྒྲགས་ཡིག་ཆའི་ནང་འཁོད་གསལ་ལྟར་ན། དང་པོ། ཁོང་གིས་སྲིད་འཛིན་གྱི་ལས་ཁུར་བཞེས་ནས་འཛམ་གླིང་ཐོག་ཉེན་ཚབས་ཆེ་བའི་རྡུལ་ཕྲན་མཚོན་ཆ་ཇེ་ཉུང་དུ་གཏོང་དགོས་པའི་ལས་འགུལ་སྤེལ་ནས་འཛམ་གླིང་གི་དཔོན་རིགས་རྣམས་ལ་སྐུལ་ལྕག་བཏང་བ་དང༌། ཨོ་བྷ་མའི་འཛིན་སྐྱོང་གི་ངོས་ནས་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ལ་དམིགས་བསལ་གྱིས་ཐུགས་འགན་བཞེས་ནས། འཛམ་གླིང་མི་མང་གི་གོ་ལའི་ཚ་དྲོད་འབར་བའི་འཇིགས་སྣང་ཞི་ནས་བདེ་སྐྱིད་ཀྱི་ཁྱིམ་གཞིས་བསྐྲུན་པ། གཉིས་པ། སྔོན་དུས་ཨ་རིས་དགྲ་བོར་འཛིན་པའི་ཁ་ཆེའི་རྒྱལ་ཁབ་ཨི་རན་སོགས་ལ་འབྲེལ་ལམ་གསར་འཛུགས་ཀྱིས། གནད་དོན་ཡོངས་རྫོགས་ཞི་མོལ་དང་གྲོས་མོལ་ཁོ་ནའི་ཐོག་ནས་སེལ་ཐབས་བྱེད་པ། གསུམ་པ། ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་འཐབ་འཁྲུག་བྱེད་བཞིན་པའི་ཨི་ཟི་རལ་དང་པཱ་ལི་སི་ཐན་གཉིས་དབར་ཞི་མོལ་གྱི་ཐབས་ལམ་འཚོལ་བ། བཞི་པ། འགྲོ་བ་མིའི་ཐོབ་ཐང་ལ་གལ་ཆེར་བཟུང་ནས་བཀག་ཉར་ཁང་གི་བཙོན་པ་མང་པོ་གློད་གྲོལ་བཏང་ཡོད་པ་དང་བཀག་ཉར་ཁང་སྒོ་རྒྱག་འཆར་ཡོད་པ། ལྔ་པ། རྒྱལ་སྤྱིའི་སྐུ་ཚབ་འགྲོ་འོང་དང་མི་མང་དབར་མཐུན་འབྲེལ་འཛུགས་རྒྱུར་འབད་བརྩོན་ལྷོད་མེད་གནང་བཞིན་ཡོད་པ། དེ་བཞིན་འཛམ་གླིང་འདིའི་མི་མང་གི་སེམས་ཁམས་བཀུག་ཐུབ་མཁན་དང༌། ཁོང་ཉིད་ཀྱི་མི་མང་གིས་མ་འོངས་པའི་མདུན་ལམ་ཐད་ཧ་ཅང་རེ་བ་ཆེན་པོ་རྒྱག་བཞིན་ཡོད་པ་བཅས་འཁོད་ཡོད་པ་རཻད། དྲིལ་བསྒྲགས་ཡིག་ཆའི་མཐའ་མཇུག་ཏུ། “ང་ཚོའི་འོས་འགན་བགོ་འགྲེམས་བྱས་ཏེ་འཛམ་གླིང་འདིའི་དཀའ་ངལ་གྱི་རིགས་རྣམས་ལ་གདོང་ལེན་བྱེད་པའི་དུས་ལ་བབས་ཡོད་”ཅེས། སྲིད་འཛིན་ཨོ་བྷ་མའི་སྙན་གྲགས་ཅན་གྱི་གཏམ་བཤད་ཀྱི་བསྡོམས་ཚིག་གཅིག་ཟུར་འདོན་བྱས་ཏེ། གཟེངས་རྟགས་ལྷན་ཚོགས་ཀྱི་ངེས་སྟོན་པ་སྐུ་ཞབས་ཐོར་བྷི་ཇཱོན་མཆོག་གིས་ལྗགས་ཀློག་གནང་ཡོད་པ་རེད།
སྤྱིར་ཨོ་བྷ་མས་སྲིད་འཛིན་གྱི་ཐུགས་འགན་བཞེས་ནས་ཟླ་གྲངས་༩ ཙམ་ལས་སོང་མེད་པ་དང༌། དེའི་སྔོན་དུ་གྲོས་ཚོགས་ཀྱི་འཐུས་མི་གནང་བ་དང། སྙན་གྲགས་ཆེ་བའི་དཔེ་དེབ་འགའ་བྲིས་ཡོད་པ་ལས། སྔོན་དུས་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་རྣམས་དང་འདྲ་བར། འཛམ་གླིང་ཐོག་འབུར་དུ་ཐོན་ནས་ཕྱག་ལས་ཀྱི་གྲུབ་འབྲས་སོན་མེད་པས། ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་དང། མཁས་དབང། ཆབ་སྲིད་མི་སྣ། ཨི་རན་གྱི་ཕྱི་སྲིད་བློན་ཆེན། ཁ་ཆེའི་རྒྱལ་ཁབ་ཁག་གི་དཔོན་རིགས། ཨ་རིའི་ཡུལ་མི་མང་པོས་ཞི་བདེའི་གཟེངས་རྟགས་སྤྲད་པ་སྔ་དྲགས་སོང་ཟེར་ནས་སྐྱོན་བརྗོད་དང་ཟུར་ཟ་བྱས་ཡོད་པ་རེད།
དེ་ཡང་ཕྱི་ལོ་༡༩༨༣ ལོར་ནོར་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན། པཱོ་ལིའི་ཤིའི་(polish) སྲིད་འཛིན་ཟུར་པ་ལི་ཀི་ཝོ་ལི་སཱ་(lech Walesa) མཆོག་གིས། སྲིད་འཛིན་ཨོ་བྷ་མས་ལས་ཀ་གཞི་ནས་འགོ་བཙུགས་ཡོད་པས་ཁོང་གིས་ལེགས་སྐྱེས་འབུལ་རྒྱུ་རེད་ལ། གང་ལྟར་བྱེད་སྟངས་འདི་ནི་ཧ་ཅང་སྔ་དྲགས་སོང་ཞེས་བརྗོད་ཡོད་པ་རེད། དེ་བཞིན་ཁ་ཆེའི་རྒྱལ་ཁབ་ཁག་གི་དབར་ཞི་མོལ་དང་གྲོས་མོལ་བྱེད་མཁན་ཚོས། ཨོ་བྷ་མས་ཞི་མོལ་དང་གྲོས་མོལ་ལ་ཁས་ལེན་བྱས་པ་དང་གཏམ་བཤད་བྱས་ཡོད་པ་ལས་ཞི་བདེའི་ཐོག་ལས་དོན་གྱི་གྲུབ་འབྲས་སོན་རྒྱུ་ཡིན་པ་དང༌། དེ་བཞིན་ཨི་རག་དང་ཨབ་གྷ་ནི་སི་ཐན་ནས་ཨ་རིའི་དམག་དཔུང་ཡོངས་རྫོགས་ཕྱིར་འཐེན་བྱས་རྗེས། གཟེངས་རྟགས་འདི་འདྲ་བ་ཁོང་ལ་ཕུལ་རུང་སྔ་དྲགས་མེད་པར་འཚམས་པོ་ཡོད་རེད་ཅེས་བརྗོད་ཡོད་པ་རེད། དེ་བཞིན་ཨ་རིའི་མཁས་དབང་མང་པོ་ཞིག་གིས། སྲིད་འཛིན་ཨོ་བྷ་མར་རྒྱུ་མཚན་གང་ལ་བལྟས་ནས་གཟེངས་རྟགས་དེ་ཕུལ་ཡོད་པ་དང། གལ་སྲིད་རྒྱུ་མཚན་དེ་ང་ཚོས་ཤེས་ན་ཡ་མཚན་སྐྱེ་དགོས་པ་ཞྀག་ཡིན་རྒྱུ་རེད་ཅེས་བརྗོད་མཁན་དང། ཡང་འགའ་རེས་ཁོང་མི་རིགས་ནག་པོ་ཡིན་པའི་རྒྱུ་མཚན་གྱིས་གཟེངས་རྟགས་དེ་ཐོབ་པ་རེད་ཅེས། ཨ་རི་རང་གི་ཡུལ་མི་ཚོས་ཀྱང་ཁོང་ལ་གཟེངས་རྟགས་ཀྱི་འོས་ཆོས་ཚང་མེད་པའི་ཟུར་ཟ་དང་སྐྱོན་བརྗོད་མང་པོ་བྱེད་བཞིན་ཡོད་པ་རེད། འོན་ཀྱང༌། ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་ཁོང་གི་ལས་དོན་གྱི་གྲུབ་འབྲས་ལས། འབྱུང་འགྱུར་ལ་དམིགས་པའི་བསམ་འདུན་དེ་ལ་མཐོང་ཆེ་བ་འཛིན་གྱི་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།
གཟེངས་རྟགས་ཀྱི་མཛད་སྒོ་དངོས་གཞི་དེ་འདི་ལོའི་ཟླ་བ་༡༢ པའི་ཚེས་༡༠ ཉིན། ནོར་ཝེ་རྒྱལ་ས་ཨོ་སི་ལོ་རུ་འཚོག་རྒྱུ་ཡིན་པ་དང་སྐབས་དེར་སྲིད་འཛིན་ཨོ་བྷ་མ་མཆོག་ཕེབས་གཏན་ཁེལ་ཡོད་པ་རེད། ཨ་རིའི་ཕོ་བྲང་དཀར་པོ་ནས་གཟེངས་རྟགས་དང་ལྷན་དུ་ཡོད་པའི་མ་དངུལ་རྣམས། རིག་གཞུང་ཐེབས་རྩ་ཁང་ཁག་ལ་ཞལ་འདེབས་འབུལ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།།

Share this:
༡༢༠ ཀློག་གྲངས།