༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་སྲུང་བརྩི།

དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མདོ་སྨད་ཆོལ་ཁས་གོ་སྒྲིག་ཞུས་པའི་༧གོང་ས་མཆོག་གི་སྐུའི་གྱ་སྟོན་མཛད་སྒོའི་སྟེང་། ༧གོང་ས་མཆོག་དབུས་པའི་བླ་ཆེན་རྣམ་པ་དང་གཞུང་གི་མཛད་གཙོ་རྣམ་པ། སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་བློན་ཆེན་སོགས་མཉམ་ཞུགས་ཀྱིས་སྲུང་བརྩི་ཟབ་རྒྱས་གནང་སོང་།

the dalailamaཕྱི་ཟླ་༦ པའི་ཚེས་༢༢ རེས་གཟའ་ཟླ་བའི་ཉིན་གྱི་སྔ་དྲོའི་ཆུ་ཚོད་༨ པའི་སྟེང་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རའི་ནང་། ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་བླ་ཆེན་རྣམ་པས་གཙོས་མཁན་བླ་སྤྲུལ་རྣམ་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་གཙོས་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། སྤྱི་འཐུས་ཚོགས་གཙོ་གཞོན་གཙོས་སྤྱི་འཐུས་རྣམ་པ་བཞུགས་གྲལ་དུ་འཁོད་པའི་རྗེས། སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བ་འཛོམས་པའི་དབུས་༧གོང་ས་མཆོག་དང་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་ཝིར་བྷའ་ཌིར་སིན་(Virbhadra Singh)་ལགས་གདན་ཞུས་ཀྱིས་འགྲེམས་སྟོན་མཛད་ཐང་ཞལ་འབྱེད་གྲུབ་པ་དང་། མཛད་སྒོ་དངོས་སུ་དབུ་འཛུགས་གནང་སྟེ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་སོང་།

སྔ་དྲོའི་ཆུ་ཚོད་༩།༥༠ སྟེང་མདོ་སྨད་ཆོལ་ཁའི་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ་ནས་༧སྐུའི་གྱ་སྟོན་གོ་སྒྲིག་ཞུ་དགོས་པའི་བརྒྱུད་རིམ་སྙན་སྒྲོན་ཞུས་པའི་ནང་། བོད་ལྗོངས་མདོ་སྨད་ཆོལ་ཁས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༧སྐུའི་གྱ་སྟོན་མཛད་སྒོ་གོ་སྒྲིག་ཞུ་བ་ནི། སྤྱིར་མདོ་སྨད་ཀྱི་ཡུལ་འདིར་བླ་དཔོན་མི་དྲག་དང་། མང་ཚོགས་དཀྱུས་མའི་ཁྲོད་ལོ་གྲངས་བརྒྱད་ཅུའི་གྱ་སྟོན་དུས་ཚེས་བརྩི་སྲུང་གི་ལུགས་སྲོལ་དར་ཆེ་ཞིང་། དེ་ཡང་སྲོལ་བླུ་ཚེ་ཐར་གྱིས་མཚོན་པའི་སྡིག་སྤོང་དགེ་སྒྲུབ་དང་། དེའི་དགེ་མཚན་རྩལ་འདོན་ཞུ་རྒྱུ་གལ་ཆེ་ཡིན་པ་ལྟར། འདིར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཚེའི་ཐུགས་བསྐྱེད་དམ་བཅའ་རྣམ་གསུམ་སྟེ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་དང་། ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་བཅས་ཀྱི་མཛད་འཕྲིན་འཛམ་གླིང་ས་ཡི་གོ་ལའི་སྟེང་ཤ་མདོག་དང་མི་རིགས། རྒྱལ་ཁབ་དང་སྲིད་དབང་གི་དབྱེ་མཚམས་ལས་བརྒལ་ཏེ། ཕས་ཀྱི་རྒོལ་བའི་གདུག་རྩུབ་ཅི་ཙམ་རྒོད་ཀྱང་ཉི་མ་སྦར་མོས་མི་ཁེབས་པའི་གནས་བབ་བསྐྲུན་གནང་མཛད་པའི་བཀའ་དྲིན་གྱི་ཆ་ཕྲ་མོ་ཙམ་ཞིག་༧སྐུའི་གྱ་སྟོན་གྱི་དགའ་སྟོན་གསབ་ཐབས་ཀྱི་རེ་སྨོན་ལྷན་དུ་བཅངས་པ་ཞིག་ཡིན་ཞེས་སོགས་འཁོད་འདུག

དེའི་རྗེས་༧སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་སྨན་པ་མཁྱེན་རབ་རྒྱ་མཚོས་༧སྐུའི་གྱ་སྟོན་ཚོགས་ཆུང་གི་ལས་བསྡོམས་སྙིང་བསྡུས་ཤིག་སྙན་སྒྲོན་ཞུས་གྲུབ་པ་དང་། ༧གོང་ས་མཆོག་གིས་༧རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཅུ་བཞི་བར་གྱི་མཛད་རྣམ་འཁྲུངས་རབས་དེབ་ཐེར་ནོར་བུའི་ཕྲེང་བ་ཁག་དང་། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་མཛད་རྣམ་བརྙན་དེབ་པཎ་ཆེན་སྣང་བ་མཐའ་ཡས་བཅས་དབུ་འབྱེད་གནང་སོང་བ་མ་ཟད། ཧི་མ་ཅལ་མངའ་སྡེའི་བློན་ཆེན་གྱི་མི་ཚེའི་དངོས་བྱུང་ལོ་རྒྱུས་གློག་བརྙན་དབུ་འབྱེད་གནང་བ་དང་དུས་མཚུངས། ཧི་མ་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་ཝིར་བྷའ་ཌིར་སིན་ལགས་ཀྱིས་མཛད་བརྒྱ་མཐོང་བ་དོན་ལྡན་དབུ་འབྱེད། དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མཛད་བརྒྱ་མཐོང་བ་དོན་ལྡན་གྱི་བརྙན་དེབ་དབུ་འབྱེད་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་༧སྐུའི་གྱ་སྟོན་དྲན་རྟེན་གསེར་གྱི་རྟགས་མ་དབུ་འབྱེད་དང་འབྲེལ་༧གོང་ས་མཆོག་གི་སྤྱན་སྔར་ཕུལ་སོང་།

sakyagongma༧གོང་ས་མཆོག་གི་སྐུའི་གྱ་སྟོན་གྱི་མཛད་སྒོར་ཆེད་དུ་ཆིབས་བསྒྱུར་བསྐྱངས་པའི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན། ཇོ་ནང་དང་བཅས་པའི་བླ་ཆེན་བསྟན་བདག་རྣམ་པ་དང་། སྐུ་ཚབ་རྣམ་པ་བཅས་ཀྱིས་༧གོང་ས་མཆོག་གི་སྐུའི་གྱ་སྟོན་ལ་འཚམས་འདྲི་དང་མགོན་པོ་གང་ཉིད་ཀྱི་རླབས་ཆེན་མཛད་འཕྲིན་ལ་བཀའ་དྲིན་རྗེས་དྲིན། དེ་བཞིན་འཛམ་གླིང་སྤྱི་དང་བོད་བསྟན་སྲིད་མི་རིགས་དང་བཅས་པའི་སླད་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་དང་འབྲེལ་བའི་བཀའ་སློབ་གསུང་བཤད་ཁག་སོ་སོར་གནང་པའི་ནང་། ཐོག་མར་ས་སྐྱའི་ཁྲི་འཛིན་གོང་མ་རིན་པོ་ཆེ་མཆོག་གིས་བཀའ་གནང་དོན། “དེ་རིང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་ཧྲིལ་པོ་འཁོར་བའི་བསྐལ་བཟང་དགའ་སྟོན་མཛད་སྒོའི་འདིའི་ཐོག་ལ། ངས་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་དད་སྤྲོ་གསུམ་གྱི་ཐོག་ནས་བཀྲ་ཤིས་པའི་སྨོན་ཚིག་སྔོན་དུ་གཏོང་པ་དང་ཆབས་ཅིག མགོན་པོ་མཆོག་གི་སྐུ་ཚེ་སྐུ་བརྒྱ་ཞབས་པད་བརྟན་པའི་སྨོན་འདུན་ཞུ་རྒྱུ་དང་། མགོན་པོ་གང་ཉིད་ལ་སྙིང་ནས་མཛའ་ཞིང་བརྩེ་བའི་འཚམས་འདྲི་ཞུ་ཡ་ཡིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོས་སྐུའི་གསང་བ་གསུམ་གྱི་མཛད་པ་འཕྲིན་ལས་དེ་རིང་གི་འཛམ་བུའི་གླིང་འདིའི་ནང་ཉི་མ་དང་ཟླ་བ་ལྟ་བུ་ཡོངས་སུ་གྲགས་པ་ཞིག་ཡིན་པ་མ་ཟད། མཁས་པའི་དབང་པོ་མང་པོས་སྔ་རྗེས་སུ་གསུངས་ཚར་པ་ཞིག་ཡིན་དུས། ངས་འདིར་དམིགས་བསལ་ཞུ་ཤེས་ཡ་ཞིག་མི་འདུག ཡིན་ནའང་ས་བཅད་མ་སྟོང་ཙམ་ཞིག་ཞུས་པ་ཡིན་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པ་ནི། སྔར་གྱི་བླ་མ་སྐྱེས་ཆེན་དམ་པ་མང་པོས་ལུང་གིས་ཟིན་པ་ཡིན་པ་ཡོངས་སུ་གྲགས་ཡོད་ལ། ལྷག་པར་དུ་རྗེ་དགེ་འདུན་གྲུབ་པ་ནས་བརྩིས་པའི་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དང་བསྟན་པའི་བདག་པོ། ལམ་རིམ་གྱི་བདག་པོ། ཕར་ཕྱིན་གྱི་བསྟན་པའི་བདག་པོ་ཡིན་པ། རྫོགས་ཆེན་གྱི་བསྟན་པའི་བདག་པོ་ཡིན་སྐོར་སྔར་གྱི་དམ་པ་མང་པོས་གསུངས་ཡོད་”སྐོར་སོགས་གསུངས་སོང་།

gardentripaདགའ་ལྡན་ཁྲི་པ་རི་རྫོང་སྲས་སྤྲུལ་སྐུ་རིན་པོ་མཆོག་གིས་བཀའ་སློབ་གསུང་བཤད་གནང་སྐབས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་འགྲོ་བ་མིའི་རིགས་ཙམ་མ་ཟད། འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་བདེ་བསྐྲུན་མཁན་གྱི་སངས་རྒྱས་དང་། འཛམ་གླིང་ཞི་བདེའི་དད་དཔོན། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་བོད་ཁ་བ་ཅན་གྱི་ལྷ་སྐལ་ཡིན་སྐོར་སོགས་གསུངས་པ་དང་འབྲེལ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་བསྐལ་བརྒྱ་ཞབས་པད་བརྟན་པའི་གསོལ་འདེབས་སྨོན་འདུན་བཅས་ཞུས་གནང་སོང་།

Menritrizinསྐྱབས་རྗེ་སྨན་རིའི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གིས་༧གོང་ས་མཆོག་ཕྱི་ལུགས་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་ལ་གཞིས་བྱེས་བོན་པོ་ལྷ་སྡེ་མི་སྡེ་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་སྦྲགས། ཁོང་གིས་“དེ་རིང་གི་ཉིན་མོ་འདི་ནི་ངེད་ཅག་ཁ་བ་གངས་ཅན་པ་རྣམས་ལ་མཚོན་ན་དགའ་དད་སྤྲོ་གསུམ་གྱིས་ཁེངས་པའི་ཉིན་མོ་ཞིག་ཡིན་པ་ངོས་འཛིན་ཞུ་བཞིན་ཡོད། དེ་ཡང་ཕྱོགས་དང་མཐའ་ཡས་པའི་འཇིག་རྟེན་གྱི་ཁྱོན་འདིར་སྒྱུ་འཕྲུལ་རོལ་གར་གྱི་གསང་གསུམ་སྤྲུལ་པའི་འགྲོ་དོན་བསམ་གྱིས་མི་ཁྱབ་པ་དེ་དག རྒྱལ་བས་ཀྱང་བརྗོད་པར་མི་ནུས་ན་ཚུར་མཐོང་གི་སྐྱེ་བོ་བདག་ལྟ་བུས་དེ་བས་ཀྱང་བརྗོད་པར་མི་ནུས། འོན་ཀྱང་། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་ནས་ཉེ་བར་བཟུང་བའི་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པའི་བར། སྐུ་ཕྲེང་ནོར་བུའི་དོ་ཤལ་མཚར་དུ་མངར་བ་བྱུང་སྟེ་ཐབས་མཁས་ཐུགས་རྗེ་ཆེན་པོས་བོད་འབངས་པ་རྣམས་ཞི་བདེ་ལ་བཀོད་པར་མཛོད། ལྷག་པར་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཉིད་ཀྱིས་བོད་འབངས་རྣམས་ལ་མི་གཟོད་པའི་སྡུག་བསྔལ་མྱོང་དགོས་བྱུང་པའི་སྐབས་དེར། ཐུགས་བརྩེ་བ་ཆེན་པོས་བསྐྱངས་གནང་མཛད་དེ་ཕྱི་ནང་གི་བསྟན་པ་རྒྱ་ཆེ་སྤེལ་གནང་མཛད་ཅིང་། དེ་བཞིན་གཞིས་ཆགས་དང་སློབ་གྲྭ་ལ་སོགས་གསར་འཛུགས་ཀྱིས་བྱེས་བཞུགས་བོད་མི་རྣམས་ལ་ཁྱིམ་གཞིས་གསར་བསྐྲུན་གྱི་བཀའ་དྲིན་གནང་། དེ་བཞིན་འཛམ་གླིང་རྒྱལ་ཁབ་གཞན་རྣམས་ལ་མང་གཙོ་དང་རང་དབང་གི་ཆེད་དུ་ལུས་སྲོག་བརྒྱ་ཕྲག་མང་པོ་འགྲོ་གྲོན་བཏང་སྟེ་ཐོབ་ཐང་རྩོད་བཞིན་ཡོད་ནའང་། མང་གཙོ་མར་གསོལ་རས་གནང་བ་དང་ཆོས་ལུགས་དང་ཆོས་བརྒྱུད་ལ་སོགས་རང་རང་གི་གང་མོས་བཞིན་རང་དབང་ལོངས་སུ་སྤྱོད་པའི་དུས་རབས་དང་མཐུན་པའི་བཀའ་དྲིན་བླ་ན་མེད་པ་བསྩལ་གནང་མཛད་པར། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱིས་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་བཞིན་ཡོད། དུས་དེ་རིང་ནས་བཟུང་སྟེ་ངེད་ཅག་རྣམས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དྲན་པ་ཙམ་གྱིས་མི་ཆོག་པར། ༧གོང་ས་མཆོག་གི་ལེགས་ཉེས་བླང་དོར་གྱི་བཀའ་སློབ་ལམ་སྟོན་གནང་བ་རྣམས་ཉམས་སུ་ལེན་རྒྱུ་ནི་ཧ་ཅང་གི་གལ་ཆེ་པོ་རེད་བསམ་གི་ཡོད་”ཅེས་སོགས་གསུངས་ཏེ། ༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་ཞབས་པད་བརྟན་པའི་གསོལ་འདེབས་སྨོན་ལམ་ཞུས་གནང་སོང་།

Drigongkyabgenསྐྱབས་རྗེ་འབྲི་གུང་ཁྱེ་ཚང་རིན་པོ་ཆེ་མཆོག་གིས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སྦྲགས། ཁོང་གིས་གསུངས་དོན། “དེ་རིང་ང་ཚོ་འདིར་༧སྐུའི་གྱ་སྟོན་གྱི་ཉིན་མོ་དེ་ལ་༧གོང་ས་ལྷ་མའི་སྐྱབས་མགོན་མཁྱེན་གཟིགས་ཆེན་པོ་སྐུ་ཁམས་གསལ་བཞིན། སྐུ་མཐོང་གྲོལ་རིན་པོ་ཆེ་བདག་ཅག་གི་མདུན་དུ་ཞལ་མཇལ་གསུང་ཐོས་པ་དང་། ཁོང་གི་མཛད་པ་དེ་ཡར་ངོའི་ཚེས་པ་བཅོ་ལྔའི་ཟླ་ལྟར་ཆ་ཤས་ཡོངས་སུ་རྫོགས་ནས་བཞུགས་པ་དེ་ལ་ང་ཚོ་ཧ་ཅང་གི་བསོད་ནམས་ཆེ་པོ་ཞིག་མ་རེད་དམ། ང་ཚོ་དེ་འདྲའི་དགའ་བ་ལ། ང་ཚོ་དེ་འདྲའི་སྐྱིད་པ་ལ། དེ་རིང་ང་ཚོ་འདིར་ཡོད་པའི་བོད་མི་གཙོས་པའི་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་རྫོགས་ཀྱི་བསོད་ནམས་ཤིག་ཡིན་པ་མ་ཟད། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་གྱུར་ཡོད་རེད། དེ་ཙམ་མ་ཟད་དེ་རིང་འཛམ་བུ་གླིང་འདིའི་ནང་ཡོད་པའི་བྱ་དང་རི་དྭགས། སྲོག་ཆགས་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཤིག་དང་སྐལ་པ་ཞིག་ཏུ་གྱུར་ཡོད། དེའི་རྒྱུ་མཚན་གང་ཡིན་ཟེར་ན། འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དེ་རྒྱལ་བའི་གསུང་རབ་ཕར་རོལ་དུ་ཕྱིན་པ་སྟོང་ཕྲག་རྒྱས་འབྲིང་བསྡུས་གསུམ་གྱི་སྙིང་པོ་ཡི་སྙིང་པོ་རུ་གྱུར་པ། ཤེས་རབ་ཀྱི་ཕར་རོལ་དུ་ཕྱིན་པའི་ཤེར་སྙིང་གི་ནང་ལ། སྟོང་ཉིད་སྙིང་རྗེའི་རང་གཟུགས་སུ་བྱོན་ནས་སྐྱེ་འགྲོ་རྣམས་ལ་མ་འདྲིས་པའི་མཛའ་བཤེས་ཆེན་པོ་རུ་གྱུར་ཡོད། ཁོང་གི་སྟོང་ཉིད་སྙིང་རྗེ་ཆེན་པོ་དེའི་རང་གཞི་ལ་དཔག་པའི་ས་སྟེང་སྐྱེ་འགྲོ་འདིའི་ནང་ལ། རང་ཅག་ཁ་བའི་རི་པའི་བོད་མིས་མཚོན་པའི་ས་སྟེང་མི་མང་ཡོངས་ལ་འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་གྱིས་དགོས་པ་དེའི་ཐོག་ལ། ད་ལྟ་དགུང་ལོ་བརྒྱད་ཅུར་ཕེབས་པའི་བར་དུ་སྐུ་ལས་བསྐྱོན་ནས་འགྲོ་བ་མི་ཡོངས་ཁྱབ་ཀྱི་ཆེད་དུ་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པ་དེར། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱིས་ཆེ་བསྟོད་དང་རྒྱབ་སྐྱོར་ཞུས་དང་ཞུ་བཞིན་པ་ཞིག་རེད། འགྲོ་བ་མིའི་ཐོབ་ཐང་དང་འདྲ་མཉམ་སྐྱོང་ཡ་དེའང་འཚེ་མེད་ཞི་བའི་ལམ་བུའི་ཐོག་ཏུ་བསྐྱོད་ནས་སྐྱོང་བཞིན་པ་རེད་”ཅེས་སོགས་གསུངས་ཏེ། ༧གོང་ས་མཆོག་གི་ཕྱི་ནང་གསང་གསུམ་གྱི་རླབས་ཆེན་མཛད་འཕྲིན་ལ་ཆེ་བསྟོད་དང་། སྐུ་ཚེ་ཞབས་པད་བརྟན་པའི་གསོལ་འདེབས་སྨོན་ལམ་རྒྱ་ཆེ་ཞུས་སོང་།

katog gatseསྔ་འགྱུར་རྙིང་མའི་དབུ་འཛིན་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་སྐུ་ཚབ་སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་བའི་སྐབས། ༧གོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་ལ་བཀའ་དྲིན་རྗེས་དྲན་དང་ཆེ་བསྟོད་གནང་པ་དང་དུས་མཚུངས། བསྟན་པ་སངས་རྒྱས་བཅོལ་ལྡན་འདས་ཀྱི་བསྟན་པ་གཅིག་ལ་བྱེ་བྲག་བསྒྲུབ་བརྒྱུད་ཤིང་རྟ་བརྒྱད་ལས། སྔ་འགྱུར་རྙིང་མ་བའི་ཆོས་བརྒྱུད་ནས་བཟུང་སྟེ་སྤྱི་ནང་པ་སངས་རྒྱས་པའི་ཆོས་བོད་དུ་དར་ཚུལ་དང་། བྱེ་བྲག་སྔ་འགྱུར་རྙིང་མ་བའི་བླ་མ་དམ་པ་གོང་མ་རྣམས་ཀྱི་བསྟན་དང་འགྲོ་བའི་ཆེད་དུ་རླབས་ཆེན་གྱི་མཛད་འཕྲིན་ཇི་ལྟར་བསྐྱངས་པ། ཡང་སྒོས་བོད་གཞུང་དགའ་ལྡན་ཕོ་བྲང་སྐབས་ཀྱི་རྒྱལ་དབང་ལྔ་པ་ཆེན་པོ་མཆོག་དང་སྔ་འགྱུར་རྙིང་མ་བའི་བར་གྱི་བླ་སློབ་ཀྱི་འབྲེལ་བ་ནས་བརྩམས་ཏེ་ལོ་རྒྱུས་རིམ་བྱོན་སོགས་གསུངས་པ་མ་ཟད། ཁོང་རང་ཉིད་བོད་ནང་དུ་ཡོད་སྐབས་རྒྱ་གཞུང་གིས་གདུག་རྩུབ་འོག་དཀའ་སྡུག་ཅི་མྱོང་གསུངས་པ་དང་སྦྲགས། གཞིས་བཞུགས་བོད་མིའི་དཀའ་སྡུག་དུས་ནམ་ཡང་བརྗེད་མི་ཉན་པའི་དྲན་སྐུལ་གནང་སོང་ལ། མཇུག་མཐར་ཁོང་གིས་༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་དང་རྟེན་འབྲེལ་སྨོན་ཚིག་གསུངས་སོང་།

Drichen kutsabསྐྱབས་རྗེ་འབྲུག་ཆེན་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན་མཆོག་གི་བཀའ་སློབ་གནང་བའི་ནང་༧གོང་ས་མཆོག་གི་འཁྲུངས་སྐར་ལ་དགའ་དད་སྤྲོ་གསུམ་གྱི་འཚམས་འདྲི་ཞུས་པ་དང་སྦྲགས། ཁོང་གིས། “༧གོང་ས་མཆོག་གི་གསང་བ་གསུམ་གྱི་མཛད་འཕྲིན་ལ་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས། གང་ཉིད་ཀྱི་མཛད་འཕྲིན་རེ་རེའི་ཐོག་ལ་ཞུ་དགོས་བྱུང་པ་ཡིན་ན། ང་རང་ཚོ་སོ་སོར་སྐྱེ་བོའི་བློ་ལ་དཔག་དཀའ་བ་ཙམ་མ་ཟད། ཚིག་གི་ཐོག་ནས་ཀྱང་ཞུ་ཤེས་ཡ་མི་འདུག་ཀྱང་། ༧གོང་ས་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་སྙིང་པོ་ཞིག་བསྡུས་ཏེ་ཞུས་པ་ཡིན་ན། བོད་དུ་དུས་འགྱུར་བྱུང་སྟེ་སྐྱབས་མགོན་རིན་པོ་ཆེ་རྒྱ་གར་ཏུ་ཞབས་སོར་འཁོད་པའི་རྗེས། བོད་རིགས་ན་གཞོན་ཚོར་ཤེས་ཡོན་གལ་ཆེན་པོ་ཡིན་པ་གཟིགས་ཏེ། དམིགས་བསལ་གཞོན་སྐྱེས་ཚོ་ལ་བཀའ་སློབ་ལམ་སྟོན་གནང་བ་ནང་བཞིན། ད་ལྟ་ང་ཚོར་དངོས་སུ་མཇལ་ཡ་ཡོད་པ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོའི་གྲས་ཕེབས་ཡོད་པ་རེད། དེ་བཞིན་འཛམ་གླིང་རྒྱལ་སྤྱིའི་མཐོ་རིམ་སློབ་གྲྭ་ཁག་གཙོས་པའི་ཕྱོགས་གང་སར། ང་ཚོའི་བོད་རིགས་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་གང་ཅིའི་ཐོག་ལ་རྒྱལ་སྤྱིའི་སྟེང་འབུར་དུ་ཐོན་པ་མང་པོ་མཇལ་ཡ་ཡོད་པ་དེ། གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་བླ་ན་མེད་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་ཅེས་གསུངས་པ་དང་འབྲེལ། ༧གོང་ས་མཆོག་གི་ཆོས་དང་ཆབ་སྲིད། དེ་བཞིན་འཛམ་གླིང་སྤྱིར་ཁྱབ་པའི་ཞི་བདེའི་མཛད་འཕྲིན་སོགས་ཀྱི་ཐོག་ལ་བཀའ་དྲིན་རྗེས་དྲན་ཞུས་སོང་བ་མ་ཟད། གང་ཉིད་ཀྱི་བརྟན་བཞུགས་མཆོག་ནི་ཅི་གསུང་བཀའ་བཞིན་བསྒྲུབ་རྒྱུ་དེ་ཡིན”་སྐོར་སོགས་གསུངས་ཏེ། སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་སྨོན་ལམ་ཞུས་སོང་།

choknong kutsabདཔལ་རྒྱལ་བ་ཇོ་ནང་པའི་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་པའི་སྐབས། ༧གོང་ས་སྐྱབས་མགོན་ཆེ་པོ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རླབས་ཆེན་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དང་འབྲེལ། བསྒྲུབ་བརྒྱུད་ཤིང་རྟ་བརྒྱད་ལས་དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་ཀྱི་ལྟ་གྲུབ་དང་། ཉམས་ལེན། བྱུང་རིམ་སོགས་ཀྱི་སྐོར་ལ་གསལ་བཤད་གནང་སོང་བ་མ་ཟད། ད་ལྟ་ཧ་ཅང་ཉམ་ཕྲ་བའི་གནས་སྟངས་འོག་ཡོད་པའི་ཇོ་ནང་པའི་ཆོས་བརྒྱུད་ཉམས་གསོའི་སླད། ༧གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་བཀའ་དྲིན་བསྐྱངས་ཡོད་སྐོར་སོགས་གསུངས་ཏེ།༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་དང་མ་འོངས་པའི་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་པའི་གསོལ་འདེབས་ཞུས་སོང་། དེའི་རྗེས་ཁ་ཎ་ཌའི་གདོད་མིའི་རིགས་ཀྱི་རྒྱལ་ཁབ་དང་པོའི་དབུ་འཛིན་ཨི་ཌི་ཇོན་(ed John)ལགས་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་འབྲེལ། གང་ཉིད་ཀྱི་འཛམ་གླིང་ཡོངས་སུ་ཞི་བདེ་དང་བྱམས་བརྩེ་དར་སྤེལ་སླད་སྐུ་ལས་བསྐྱོན་བཞིན་པ་བཀའ་དྲིན་རྗེས་དྲན་དང་། གྲངས་ཉུང་མི་རིགས་དང་གདོད་མི་རིགས་ཀྱི་སྐད་དང་ཡི་གེ་སོགས་ཀྱི་སྐོར་ལ་གསུངས་བཤད་གནང་པའི་རྗེས། ༧གོང་མཆོག་ལ་འཁྲུངས་སྐར་གྱི་ཕྱག་རྟགས་སུ་ཁ་ཎ་ཌའི་གདོད་མའི་མི་རིགས་རང་ལོ་ ༩༥ ཡིན་པ་ཞིག་གིས་འཐག་ལས་བྱས་པའི་ལག་ཤུབ་དང་། ཁོང་གི་བཟའ་ཟླས་འཐག་ལས་བྱས་པའི་མལ་གཟན་བཅས་འབུལ་བཞེས་གནང་སོང་།

kamarpaམཇུག་མཐར་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་སྐུའི་གྱ་སྟོན་མཛད་སྒོའི་སྟེང་བཀའ་སློབ་གསུང་བཤད་སྐབས། ༧གོང་ས་མཆོག་གི་སྐུའི་གྱ་སྟོན་གྱི་མཛད་སྒོར་ཆེད་དུ་ཆིབས་བསྒྱུར་བསྐྱངས་པའི་༧གོང་ས་མཆོག་དབུས་པའི་སྐུ་མགྲོན་དང་མི་མང་ཡོངས་རྫོགས་ལ་འཚམས་འདྲི་ཞུས་པ་དང་སྦྲགས། ཁོང་གིས་“༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་ལོ་ཆུང་ངུའི་དུས་ནས་བསྟན་པ་དང་འགྲོ་བའི་དོན་དུ་འགན་ཁུར་བཞེས་པ་དང་། ལྷག་པར་དུ་དགུང་ལོ་བཅུ་དྲུག་ནས་བཟུང་སྟེ་བོད་རྒྱལ་སྲིད་ཆོས་སྲིད་ཀྱི་འགན་ཁུར་ཆ་ཚང་བཞེས་པའི་ཐོག ཉིན་མཚན་དབྱེ་མེད་ངང་སྐུ་ངལ་ཞེ་པོ་ཞིག་བསྐྱོན་ཡོད་པ་དེ་ང་ཚོ་ཚང་མའི་མཁྱེན་གསལ་རེད། སྤྱིར་རྒྱལ་སྲིད་ཆོས་སྲིད་ཀྱི་འགན་བཞེས་ལབ་དུས་སྐབས་ལ་མཚན་རྫིག་པོ་ཞིག་ཡོད་རེད་དེ། སྐབས་དེ་དུས་ལ་བོད་ཀྱི་གནས་སྟངས་དེ་ཧ་ཅང་ཛ་དྲག་པོ་ཞིག་དང་། སྐུ་ལས་ཁག་པོ་ཞེ་པོ་ཞིག་ཆགས་བསྡད་པའི་གནས་སྐབས་དེ་ལ། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་དགུང་ལོ་གཞོན་གཞོན་དེ་འདྲ་ཞིག་གི་ཐོག་ནས་ཐུགས་འགན་དེ་འདྲ་ཞིག་བཞེས་དགོས་ཡ་ཆགས་པ་རེད། སྐབས་དེ་དུས་ཐུགས་འཚབ་དང་སྐུ་ངལ་ག་ཚོད་ཅིག་ཡོད་པ་དེ་ང་ཚོ་སྤྱིར་བཏང་གི་མི་ཚོས་བཤད་ཐུབ་ཡ་དཀའ་ལས་ཁག་པོ་རེད། དེ་ཡང་བོད་ལ་སྔར་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་ཞེ་པོ་ཞིག་བྱུང་ནས། བོད་མི་ཚང་མ་གཞིས་བྱེས་གཉིས་སུ་གྱར། ལྷག་པར་དུ་༧སྐུ་མདུན་མཆོག་བོད་དུ་བཞུགས་མ་ཐུབ་པར་བཙན་བྱོལ་དུ་ཕེབས་དགོས་ཡའི་གནས་སྟངས་ཆགས་པ་རེད། གང་ལྟར་སྐུ་ངལ་འོ་བརྒྱལ་ཞེ་པོ་ཞིག་གི་འོག་ལ་ད་ལྟའི་བར་དུ་སྐུ་ངལ་འཛེམས་མེད་ཀྱི་ཐོག་ནས་ཕྱག་ལས་གནང་པ་ཡིན་དུས། ཐུགས་རྗེ་ཆེ་ཞེས་ཞུས་པ་ཙམ་གྱིས་མཚོན་ཐུབ་ཡ་ཞིག་མེད་པའི་བཟོ་འདྲ་བོ་རེད། ཡིན་ནའང་དེ་རིང་གི་གོ་སྐབས་འདི་དང་བསྟུན་ནས་ད་ལྟའི་བར་དུ་སྤྱིར་འཛམ་བུ་གླིང་དང་ཡང་སྒོས་བོད་གངས་ཅན་ལྗོངས་ཀྱི་བསྟན་པ་དང་འགྲོ་བའི་དོན། སྐུ་གསུང་ཐུགས་ཀྱི་ངལ་བ་ཁྱད་གསོད་གནང་བ་དེ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཐུགས་རྗེ་ཆེ་ཞུ་ཡ་ཡིན། ༧སྐུ་མདུན་མཆོག་གི་སྐུ་གསང་ཐུགས་ཀྱི་མཛད་འཕྲིན་དང་སྐུ་ཆེ་བའི་ཡོན་ཏན་དེ་ཚོ་བཤད་དགོས་ཡ་མེད་པ་གསལ་པོ་གསལ་རྐྱང་ཆགས་ཡོད་པ་ཡིན་ཙང་། ངས་མང་པོ་ཞིག་ཞུ་བསྡད་པ་ཡིན་ནའང་ཆོ་གལ་མཐོང་གི་མི་འདུག གལ་ཆེ་ཤོས་དེ་གོང་ས་མཆོག་དགུང་ལོ་བརྒྱད་ཅུར་ལ་ཕེབས་ཀྱི་ཡོད་པ་དང་། སྐབས་འདིར་གྱ་སྟོན་འདི་འདྲ་ཞིག་གོ་སྒྲིག་བྱས་ཐུབ་པ་དེ་ལ་མདོ་སྨད་གོ་སྒྲིག་ཚོགས་ཆུང་ལ་ཐུགས་རྗེ་ཆེ་ཞུ་ཡ་ཡིན། ༧གོང་ས་མཆོག་ལ་མཆོད་པ་ཕུལ་ཡ་ཡག་ཤོས་དེ་མགོན་པོ་གང་ཉིད་ཐུགས་དགྱེས་ཡ་དེ་རེད། དེ་འདྲ་ཡིན་དུས་མགོན་པོ་མཆོག་གིས་གང་གསུངས་པའི་དགོངས་གཞི་དེ་ང་རང་གང་ཐུབ་ཅི་ཐུབ་དང་། ནུས་པས་གང་ལྕོགས་ཀྱིས་དགོངས་བཞེས་གང་ཡོད་པ་དེ་འགྲུབ་ཐུབ་པ་དེ་འདྲ་ཞིག་བྱུང་པ་ཡིན་ན། ༧སྐུ་མདུན་ཐུགས་དགྱེས་ཡའི་རྒྱུ་ཡག་པོ་ཡོང་གི་རེད་བསམ་གྱི་འདུག ང་རང་ངོས་ནས་ཡིན་པ་ཡིན་ནའང་༧སྐུ་མདུན་ཐུགས་དགྱེས་ཡ་མ་གཏོགས། ཐུགས་མི་དགྱེས་པའི་ལས་ཀ་ཕྲ་མོ་ཙམ་ཡང་མི་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད། མ་འོངས་པར་༧གོང་ས་མཆོག་དགུང་གྲངས་དགུ་ཅུར་ཕེབས་སྐབས། སྐུའི་དགུ་སྟོན་བོད་གངས་ཅན་ལྗོངས་སུ་བརྩི་སྲུང་བྱ་ཐུབ་པའི་རེ་བ་དང་སྨོན་འདུན་ཞུ་ཡི་ཡོད་པ་མ་ཟད། ད་ལྟ་༧གོང་ས་མཆོག་ཉིད་དགུང་གྲངས་མཐོ་བོར་ཕེབས་ཡོད་ཙང་། སྐུ་གསུང་ཐུགས་གསུམ་ལ་འཕྲོད་ཤེས་གནང་ནས་ཐུགས་ལྷོད་ལྷོད་བཞུགས་རོགས་གནང་”ཞེས་གསུངས་སོང་།

preformenceཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་ཀྱིས་གསུང་བཤད་གནང་གྲུབ་པའི་རྗེས་བོད་ཀྱི་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་ཁག་དྲུག་གཟིགས་འབུལ་ཞུས་གྲུབ་པའི་རྗེས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་བཤད་གནང་བའི་སྐབས། ཁ་ཎ་ཌའི་གདོད་མིའི་རིགས་ཀྱིས་མཚོན་པའི་འཛམ་གླིང་ཁྱོན་ཡོངས་སུ་ཡོད་པའི་གདོད་མའི་རིགས་ཀྱི་སྐད་དང་ཡི་གེ ཆོས་དང་རིག་གཞུང་སོགས་སྲུང་སྐྱོབ་དང་དར་སྤེལ་སོགས་དགོས་པའི་བཀའ་སློབ་ཟབ་རྒྱས་གནང་པ་དང་འབྲེལ། འགྲོ་བ་མིའི་རིགས་ཡོངས་རྫོགས་གཅིག་གྱུར་དང་འདྲ་མཉམ་ཡིན་པའི་སྐོར་དཔེ་མཚོན་དང་བཅས་གསུངས་སོང་།

༧གོང་ས་མཆོག་གིས། གདོད་མའི་མི་རིགས་ཚོ་ཐུག་སྐབས་ཁོང་ཚོར་སོ་སོའི་མི་རིགས་དང་གོམས་གཤིས་སྲུང་སྐྱོབ་བྱེད་པར་ཡི་གེ་དགོས་ཀྱི་ཡོད། ཁྱེད་ཚོར་ཡི་གེ་ཡོད་དམ་ཞེས་དྲིས་སྐབས་མང་ཆེ་བས་ཡི་གེ་མེད་ཅེས་བརྗོད་ཀྱི་འདུག གདོད་མའི་མི་རིགས་ཧ་ལམ་ཚང་མར་ཡི་གེ་མེད། གདོད་མའི་མི་རིགས་སོ་སོར་སྔ་མོ་ནས་ཡི་གེ་མེད་སྟབས་ཡི་གེ་གསར་པ་བཟོས་ན་ཡག་པོ་ཡོད་ཅེས་བརྗོད་ཀྱི་ཡོད། མིར་འདི་ལྟར་བརྗོད་སྐབས་སོ་སོར་སྤོབས་པ་སྐྱེས་ཀྱི་འདུག ང་ཚོ་བོད་པར་ལོ་སྟོང་ཕྲག་གོང་ནས་བོད་ཡིག་ཡོད། ཆོས་རྒྱལ་སྲོང་བཙན་གོང་ནས་བོད་ཡིག་ཡོད་རུང་མེད་རུང་གང་ལྟར་བོད་ཡིག་ཡོད། ཡི་གེ་དེ་ཡང་ཧ་ཅང་ཕྱུག་པོ་རེད།

ལེགས་སྦྱར་གྱི་སྐད་དང་མཉམ་དུ་འགྲོ་ཐུབ་མཁན་ཡི་གེ་ཞིག་ཆགས་ཡོད། དེ་དང་པོ་ནས་བོད་པར་ཡོད་པའི་སྐད་ཆ་ཞིག་མ་རེད། ལེགས་སྦྱར་གྱི་གཞུང་དེ་དག་བོད་ཡིག་ལ་བསྒྱུར་ཏེ་མིང་ཚིག་གསར་པ་དེ་འདྲ་བཟོས་པ་ཞིག་ཡིན། དེ་ནས་རིམ་པས་ལེགས་སྦྱར་གྱི་མིང་ཚིག་གི་བརྗོད་བྱ་ཏག་ཏག་ཅིག་བོད་ཡིག་ཐོག་བསླབ་ཐུབ་པ་ཆགས་ཡོད། སོ་སོར་མི་རིགས་འདི་ལྟ་བུ་ཞིག་ཡོད། གཞི་ནས་དངོས་གནས་མེས་པོ་ཚོ་ཧ་ཅང་བཀའ་དྲིན་ཆེན་པོ་རེད་བསམས་པ་དྲན་གྱི་འདུག དེ་བཞིན་རྣམ་དཔྱོད་ཀྱི་རྩལ་དེ་ཧ་ཅང་ཡག་པོ་འདུག སོ་སོ་སྤོབས་པ་སྐྱེ་རྒྱུ་ཞིག་འདུག ཅེས་སོགས་བཀའ་ཕེབས་པའི་རྗེས་ཁ་ཎ་ཌ་ནས་ཕེབས་པའི་གདོད་མའི་མི་རིགས་ཀྱི་དབུ་ཁྲིད་ཨི་ཌི་རྗོན་ལགས་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག། ང་ཚོ་འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་ཡོད་པ་ཚང་མ་མི་གཅིག་པ་རེད། ང་རང་ཚོ་མི་སྒེར་པ་སོ་སོའི་སྡིག་གྲིབ་དེ་འཛམ་གླིང་སྤྱི་དང་འབྲེལ་བ་ཡོད།

ད་སྔ་མོ་དང་འདྲ་གི་མ་རེད། སྔ་མོ་ཡིན་ན་གླིང་ཆེན་སོ་སོར་གླིང་ཆེན་རེ་རེའི་ནང་རྒྱལ་ཁབ་སོ་སོ་དང་ས་ཁུལ་སོ་སོས་རང་ཁ་རང་གསོ་བྱས་ནས་སྡོད་ཀྱི་ཡོད། གཅིག་གིས་གཅིག་ལ་རྟེན་གྱི་མེད། དེང་སང་དུས་རབས་༢༠ པའི་སྨད་ནས་དུས་རབས་ ༢༡ པར་རང་བཞིན་གྱིས་ང་རང་ཚོའི་དཔལ་འབྱོར་དང་། ཤེས་ཡོན། རིག་རྩལ་སོགས་མང་པོ་ཞིག་གི་ཐོག་ནས་གཅིག་འགྱུར་གྱི་རྣམ་པ་དེ་ཤུགས་ཆེན་པོ་ཆགས་ཡོད། དང་དུ་བླངས་ནས་བྱས་པ་ཞིག་མིན་ནའང་ཤུགས་མ་ཐུབ་ཏུ་གཅིག་འགྱུར་གྱི་ཚོར་བ་དེ་བསླེབས་ཀྱི་ཡོད། ང་ཚོ་བོད་པ་ཚོར་ཆ་བཞག་ནའང་འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུའི་ཆ་ཤས་ཤིག་ཆགས་ ཡོད། འཛམ་གླིང་འདིའི་ནང་མི་དུང་ཕྱུར་བདུན་ཅུ་དེ་དག་བདེ་སྐྱིད་ལྡན་པ་ཞིག་ཆགས་ན་ཚང་མར་ཁེ་བཟང་རག་གི་རེད། ང་ཚོ་དང་ཐད་ཀར་འབྲེལ་བ་ཡོད་པ་རྒྱ་ནག་ནང་དོན་དམ་གྱི་མིའི་སེམས་ནང་ཞི་བདེ་ཡོད་པ་ཞིག་བྱུང་ན། ང་ཚོ་བོད་པ་དང་ཤིན་ཅང་སོགས་ཚང་མར་ཕན་པ་མ་ཟད། རྒྱ་གར་ལ་ཡང་ཕན་གྱི་རེད། གང་ལྟར་འཛམ་གླིང་འདིའི་སྒང་འཁྲུག་པ་རྒྱག་བཞིན་པ་མང་པོ་གཅིག་ང་ཚོ་དང་ཁོ་ཚོ་ཞེས་པའི་ཚིག་འདིའི་འོག་ནས་རྙོག་གྲ་འདི་ཡོང་བཞིན་ཡོད། ང་ཚོ་གཅིག་འགྱུར་གྱི་འདུ་ཤེས་འདི་ཧ་ཅང་གལ་ཆེན་པོ་རེད་འདུག གཅིག་འགྱུར་གྱི་འདུ་ཤེས་བྱུང་ན་མི་གཞན་པ་དེའི་སྐད་ཡིག་དང་། ཚོས་གཞི་མི་འདྲ་བ། ཆོས་དད། རྒྱལ་ཁབ། དབུལ་ཕྱུག་གང་ཡོད་རུང་མི་གཅིག་པ་ཡིན་བསམ་པའི་འདུ་ཤེས་ཡོད་ན། དེར་ཐུབ་ཚོད་དང་མི་གསོད་ཀྱི་མ་རེད།

ང་ཚོ་དང་ཁྱེད་ཚོ་ཞེས་པའི་བསམ་བློ་དེའི་ཐོག་ནས་མཐར་གཏུགས་ཡོང་དུས་ང་ཚོ་ཟེར་བའི་ཚིག་དེ་ཕར་བསྡུས་ནས་ང་ཞེས་པའི་ཐོག་ལ་ཕྱིན་སྐབས་དབུལ་ཕྱུག་གི་ཁྱད་པར་དང་ཐུབ་ཚོད་ཤོད་རྒྱུ། མགོ་སྐོར་གཏོང་རྒྱུ། དབང་ཡོད་ཤོད་རྒྱུ། གསོད་རེ་གཏོང་རྒྱུ་ཚང་མ་ཐར་ཐུག་དེ་ (self centered attitude) རང་ཉིད་གཙོ་བཟུང་གི་བསམ་བློའི་འཁྱེར་སོ་དེའི་རྙོག་གྲ་ཚང་མ་བཟོས་ཀྱི་ཡོད། འདི་ལྟ་བུའི་བསམ་བློ་དེ་ནོར་འཁྲུལ་ཡིན་པ་ངོ་སྤྲོད་བྱེད་རྒྱུ་དེ་ཆོས་དང་འབྲེལ་བ་གང་ཡང་མེད། ཆོས་དང་མ་འབྲེལ་བའི་ཐོག་ནས་ཚན་རིག་དང་མཐུན་པ་དང་མཐོང་ཆོས་ཀྱི་གནས་ཚུལ་གྱི་ཐོག་ནས་ངོ་སྤྲོད་བྱེད་རྒྱུ་ཡོད། དེར་བརྟེན་འཛམ་གླིང་འདིའི་ནང་མི་དུང་ཕྱུར་བདུན་ཅུ་ཡོད་པའི་ཁོངས་ནས་གདོད་མའི་མི་རིགས་དམིགས་བསལ་གྱི་དཀའ་ངལ་འཕྲད་བཞིན་པ་དེ་དག་ལ་བསམ་བློ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག སྨོན་ལམ་གཅིག་ལས་མེད་ཀྱང་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། སེམས་ཁུར་ཧ་ཅང་ཡོད་དེ་ཁོང་ཚོའི་མཉམ་ཉིན་མ་གཅིག་སྡོད་དགོས་རེད་ཅེས་ལབ་ན་ཉི་མ་གཅིག་སྡོད་ཐུབ་ཨེ་ཡོང་། ཁོང་ཚོ་ཧ་ཅང་སྐྱོ་པོ་འདུག དེ་བཞིན་འབུ་ཟས་ནས་སྡོད་དགོས་འདུག འདི་གཅིག་དེ་རིང་འདིར་བཤད་འདོད་བྱུང་།

དེ་རིང་ངོས་རང་ལོ་བརྒྱད་ཅུར་ཟིན་པའི་གྱ་སྟོན་འདི་མདོ་སྨད་ཆོལ་ཁས་གོ་སྒྲིག་བྱས་པ་རེད། རྒྱལ་བ་རིན་པོ་ཆེ་བོད་སྤྱིའི་འགན་མཁན་ཞིག་དང་། ཆེ་ས་ནས་བཤད་པ་ཡིན་ན་འཛམ་བུ་གླིང་གི་མི་དུང་ཕྱུར་བདུན་ཅུའི་བདེ་སྡུག་ལ་སེམས་ཁུར་བྱས་བསྡད་ཉན་ཞིག་ཡིན། ཡིན་ནའང་སྐྱེ་ས་སྐྱེ་ཁུངས་ནས་བཤད་པ་ཡིན་ན། ཨ་མདོའི་ས་ཁུལ་སྐུ་འབུམ་(མཚོ་སྔོན)་རྗེ་རིན་པོ་ཆེ་འཁྲུངས་སའི་འཁྲིས་དེ་སྐྱེས་པ་རེད། བྱས་ཙང་ཨ་མདོ་ཚོས་༧རྒྱལ་བ་རིན་པོ་ཆེ་ཨ་མདོ་ཡིན་བསམ་པའི་འདུ་ཤེས་གསལ་པོ་བཟུང་བྱས་དེ་རིང་དམིགས་བསལ་མཛད་སྒོ་འདི་འདྲ་ཞིག་གྲ་སྒྲིག་བྱས་ཏེ། དེའི་སྔོན་དུ་ལས་བསྡོམས་ནང་བཤད་པ་ནང་བཞིན་འདས་པའི་ལོ་ཁ་ཤས་རིང་ལ་བསམ་བློ་བཏང་། འཆར་གཞི་བཀོད། གྲ་སྒྲིག་བྱས་པ་ནང་བཞིན། ཞལ་འདེབས་དེ་ཚོ་ཡང་ཡག་པོ་ཞེ་དྲག་བྱུང་ཤག ཐུགས་རྗེ་ཆེ་ཞུ་ཡ་ཡིན། དམིགས་བསལ་དེ་རིང་འདིར་དུས་དྲན་ཐོག་ལ་ཆོས་བརྒྱུད་ཁག་གི་དབུ་ཁྲིད་ཚོ་དུས་དུས་ལ་ང་ཚོ་ཚང་འཛོམས་བྱེད་ཀྱི་ཡོད་རེད། དེ་རིང་འདིར་སྟབས་གཅིག་དོན་གཉེར་གྱིས་བླ་ཆེན་རྣམ་པ་དངོས་སུ་ཕེབས་བྱས་ནས། བཀའ་སློབ་གནང་པ་དེ་ཚོ་གསུངས་བྱས་ནས་ཚང་མའི་གཅིག་སྒྲིལ་གྱི་ནུས་པ་དེ་དངོས་གནས་རང་གསལ་པོ་མཚོན་ཐུབ་ཡ་ཡག་པོ་ཞེ་པོ་ཞིག་བྱུང་སོང་། ཐུགས་རྗེ་ཆེ་ཞེས་ཞུ་ཡ་ཡིན་”ཞེས་སོགས་བཀའ་གནང་པ་དང་འབྲེལ། གཞས་སྣ་འཁྲབ་སྟོན་པ་རྣམས་ལ་ཐུགས་རྗེ་ལེགས་གསོལ་དང་། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་ལ་ལེགས་ཉེས་བླང་དོར་གྱི་བཀའ་སློབ་སྟོན་བཅས་གནང་སོང་།

མཛད་སྒོའི་མཐའ་མར་མདོ་སྨད་དབུས་རྒྱུན་དྲུང་ཆེ་སྤྱི་འཐུས་རྒྱ་རིགས་ཐར་ནས་ཐུགས་རྗེ་ཆེ་གཏམ་བཤད་གནང་གྲུབ་པ་དང་དུས་མཚུངས། ༧གོང་ས་མཆོག་དབུས་པའི་བླ་ཆེན་བསྟན་བདག་རྣམ་པ་དང་མཁན་བླ་སྤྲུལ་རྣམ་པ་དང་། མཛད་གཙོ་རྣམ་པ། སྐུ་མགྲོན་རྣམ་པ། སྐྱ་སེར་མི་མང་ཡོངས་ཀྱིས་གཙུག་ལག་ཁང་གི་ཆོས་རའི་ནང་ཉིན་གུང་གསོལ་ཚིགས་ལྷན་བཞེས་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་སོང་།།

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

Share this:
༣༣༠ ཀློག་གྲངས།