ངས་ཁྱོད་རང་ཚོའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།

དེ་རིང་ངྷ་ས་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་འོག རྒྱ་རིགས་འབུམ་རམས་པ་ཡཱང་ཅེན་ལི་དང་ལྷན་དུ་ངྷ་སའི་ཉེ་འཁོར་དུ་རྒྱ་ཡིག་ཐོག་ལས་ཀ་བྱེད་བཞིན་པའི་མི་སྣ་ཉི་ཤུ་ལྷག་མཉམ་འཛོམས་ཀྱིས། རྒྱ་སྐད་ཐོག་བོད་དོན་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་བཞུགས་མོལ་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་སོང་།

IMG_0566ཕྱི་ཟླ་༦ པའི་ཚེས་༢༤ རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོའི་ཆུ་ཚོད་༩།༣༠ ཐོག་བཞུགས་སྒར་ངྷ་ས་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་ནང་། ཨ་རིར་གནས་བཞུགས་དམངས་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྒྲིག་འཛུགས་<<སྤྱི་མང་གི་སྟོབས་ཤུགས>>་ཞེས་པ་གསར་འཛུགས་གནང་མཁན་རྒྱ་རིགས་འབུམ་རམས་པ་ཡཱང་ཅེན་ལི་ཆེད་དུ་གདན་ཞུ་ཡིས། བོད་མི་མང་སྤྱི་འཐུས་གངས་ལྷ་མོ་ལགས་དང་ཤར་གླིང་ཟླ་སྒྲོན་ལགས་གཙོས་པའི་ངྷ་སའི་ཉེ་འཁོར་གྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ཏུ་རྒྱ་ཡིག་ཐོག་ལས་ཀ་གཉེར་བཞིན་པའི་མི་སྣ་ཉི་ཤུ་ལྷག་མཉམ་དུ་འཛོམས་ཀྱིས། བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། <<རྒྱ་སྐད་ཐོག་རྒྱ་རིགས་འབུམ་རམས་པ་ཡཱང་ཅེན་ལི་དང་ལྷན་དུ་བོད་དོན་གླེང་བ>>་ཞེས་པའི་བརྗོད་གཞིའི་སྟེང་། ཐོག་མར་སྐུ་ཞབས་ཡཱང་ཅེན་ལི་ཡིས་བོད་དོན་དང་འབྲེལ་བའི་ཐོག་གཏམ་བཤད་སྤེལ་བའི་རྗེས། ཚོགས་ཞུགས་པ་རྣམས་དང་ལྷན་དུ་དྲི་བ་དྲིས་ལན་བཅས་གནང་སོང་།

འབུམ་རམས་པ་ཡཱང་ཅེན་ལི་ལགས་ནི་རྒྱ་ནག་ཧྲན་ཏུང་ཞིང་ཆེན་ལཱེན་ལིན་རྫོང་དུ་སྐྱེས་ཤིང་། ཕྱི་ལོ་༡༩༨༩ ལོར་དྲུག་བཞིའི་མང་གཙོའི་ལས་འགུལ་ནང་འཛུལ་ཞུགས་བྱས། རྗེས་སུ་ཨ་རིར་གནས་སྤོས་བྱས་ཏེ་ཧྭ་ཧྤོ་སློབ་གྲྭ་ཆེན་མོ་ནས་ཆབ་སྲིད་འབུམ་རམས་པའི་སློབ་པ་མཐར་ཕྱིན་པ་དང་། “དུས་རབས་ཉེར་གཅིག་པའི་རྒྱ་ནག་གི་ཐེབས་རྩ་ཁང”་གསར་འཛུགས་བྱས་ཏེ་ <<ཀྲུང་ཧྭ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་མཉམ་འབྲེལ་>> ཞེེས་པའི་བསམ་འཆར་རང་བཞིན་ཅན་གྱི་རྩ་ཁྲིམས་ཟིན་བྲིས་སུ་བཏབ། ཁོང་གིས་སྐབས་དེའི་རྩ་ཁྲིམས་ཟིན་བྲིས་ནང་གི་བོད་ཀྱི་གནས་བབ་དང་འབྲེལ་བའི་སྐོར་ནས་བརྗོད་དོན། སྤྱིར་ཐོག་མར་རྩ་ཁྲིམས་དེ་ཟིན་བྲིས་སུ་བཏབ་སྐབས་བོད་དོན་སྐོར་དམིགས་བསལ་གྱི་རྒྱུས་མངའ་ཆེན་པོ་མེད་ཀྱང་། ཟིན་བྲིས་དེའི་ནང་བོད་ཀྱི་གནས་བབ་ནི་ཆེས་མཐོའི་རང་སྐྱོང་གི་ཚད་གཞི་ཞིག་གི་འོག་ཏུ་ཡོད་པ་མ་ཟད། ཕྱི་འབྲེལ་ཕུད་པའི་གཞན་འཛིན་སྐྱོང་ཡོངས་རྫོགས་བོད་མི་རང་ཉིད་ཀྱིས་འགན་ཁུར་དགོས་པ་དང་། དེ་ནི་དབུ་མའི་ལམ་གྱི་ད་ལྟའི་དགོངས་དོན་དང་ཡོངས་སུ་མཚུངས་པ་ཞིག་རེད།

IMG_0560སྐུ་ཞབས་ཡཱང་ཅེ་ལི་ལགས་ཀྱིས་འདས་པའི་ལོ་ཉི་ཤུ་ལྷག་གི་རིང་ཕྱི་ལོགས་སུ་བོད་རིགས་སྤུན་ཟླ་རྣམས་དང་འབྲེལ་འདྲེས་བྱུང་པའི་བརྒྱུད་རིམ་ཁྲོད། བོད་དོན་ལ་རྒྱུས་མངའ་ཇི་ལྟར་བྱུང་བ་དང་བོད་དོན་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་སོགས་དང་འབྲེལ་བའི་སྐོར་ནས་དོན་ཚན་བཞིའི་ཐོག་ལ་གཏམ་བཤད་བྱས་སོང་བ་དང་། ཐོག་མར་ཁོང་གིས་“སྤྱིར་བོད་དོན་རྒྱབ་སྐྱོར་བ་ཚང་མར་རང་རང་གི་རྒྱབ་ལྗོངས་དང་དམིགས་ཡུལ་རེ་ཡོད་ཀྱང་། ངས་བོད་རིགས་སྤུན་ཟླ་ཧ་ཅང་མང་པོ་ཞིག་དང་མཉམ་དུ་དུས་ཡུན་རིང་པོར་ཕུན་ཚུན་འབྲེལ་འདྲེས་བྱས་པའི་རྗེས།ངེས་པར་དུ་རང་ཉིད་ཀྱི་ཆབ་སྲིད་ལྟ་བ་དོར་ཏེ་རྒྱབ་སྐྱོར་བྱ་དགོས་པ་རྟོགས་པ་མ་ཟད། ང་རང་ཉིད་རྒྱ་ནག་གི་མི་ཞིག་དང་རྒྱ་རིགས་ཞིག་ཡིན་པའི་ཆ་ནས། ང་ལ་ཁྱོད་ཚོའི་མ་འོངས་པའི་མདུན་ལམ་གདམ་པའི་ཐོབ་ཐང་མེད་ལ། ཁྱོད་ཚོའི་བདེ་སྐྱིད་འདི་རེད་ཅེས་བཤད་པའི་ཐོབ་ཐང་དེ་ལས་ཀྱང་མེད། འདི་ནི་དེ་རིང་ངས་བཤད་དགོས་པའི་དོན་དག་གཅིག་ཡིན། སྤྱིར་ངས་བོད་ཀྱི་རང་དབང་ལས་འགུལ་ལ་རྒྱབ་སྐྱོར་བྱས་ཏེ་ལོ་ཉི་ཤུ་ལྷག་ཕྱིན་པ་དང་། བོད་རིགས་སྤུན་ཟླ་ཕོ་མོའི་གྲོགས་པོ་ཡག་ཤོས་ཤིག་ཡིན་ཞེས་བརྗོད་ཆོག་ཀྱང་། ངའི་ལྟ་ཚུལ་དེ་ཁྱོད་ཚོའི་ཐོབ་ཐང་ལ་རྒྱབ་སྐྱོར་དང་། ཁྱོད་རང་ཚོའི་མ་འོངས་པའི་མདུན་ལམ་ཁྱོད་རང་ཚོས་གདམ་པར་རྒྱབ་སྐྱོར་བྱེད་བཞིན་པ་ལས། ཁྱོད་ཚོའི་རང་བཙན་དང་རང་བཙན་མ་ཡིན་པ་གཙོས་པའི་མཉམ་འབྲེལ་ལམ་ལུགས་དང་། ཆེས་མཐོའི་རང་སྲིད་རང་སྐྱོང་། ཡང་ན་ད་ལྟའི་རྒྱ་ནག་གི་རྩ་ཁྲིམས་ཀྱི་འོག་ཏུ་སྡོད་རྒྱུ་སོགས་གང་ལའང་རྒྱབ་སྐྱོར་བྱེད་བཞིན་མེད། ད་ལྟ་ང་ཚོ་ཚང་མ་ལ་རང་དབང་མེད། རྒྱུ་མཚན་དེའི་ཕྱིར་ངས་ཁྱོད་ཚོས་རང་ཉིད་ཀྱི་མ་འོངས་པའི་མདུན་ལམ་གདམ་པའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། དེ་ནི་ཁྱོད་རང་ཚོའི་རང་དབང་ཡིན་པ་མ་ཟད། ཁྱོད་ཚོ་དབུ་མའི་ལམ་དུ་བསྐྱོད་ན་ད་གཟོད་ངས་རྒྱབ་སྐྱོར་བྱེད་ཟེར་བ་ལྟ་བུའི་ཆ་རྐྱེན་གང་ཡང་མེད། ད་ལྟ་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་ད་དུང་ངའི་ལངས་ཕྱོགས་དེའི་ཚད་དུ་སླེབས་ཐུབ་མེད།”

དོན་ཚན་གཉིས་པ། “གལ་སྲིད་རྒྱ་ནག་གི་མང་གཙོའི་གནས་སྟངས་ཐག་གཅོད་མ་བྱས་ན་བོད་ཀྱི་གནད་དོན་ཐག་གཅོད་མི་ནུས་ཞེས་བརྗོད་མཁན་ཧ་ཅང་མང་པོ་ཡོད་ལ། ལྷག་པར་དུ་རྒྱ་རིགས་ཁྲོད་དེ་ལྟའི་འབོད་ཚིག་སྒྲོག་སྟེ་བོད་མི་རྣམས་རྒྱ་ནག་མང་གཙོའི་གཡུལ་སར་ཡར་འཐེན་མཁན་ཡང་ཡོད། ངས་བསམ་ཚུལ་ལྟར་ན་དོན་དངོས་སུའང་བོད་ཀྱི་གནད་དོན་དེ་རྒྱ་ནག་མང་གཙོའི་བྱ་བཞག་ཁྲོད་གལ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད་ཀྱང་། དེ་ནི་དེའི་ཆ་ཤས་ཙམ་ཡིན་པ་ལས་གནད་དོན་གྱི་ཡོངས་རྫོགས་མིན་པ་མ་ཟད། བོད་དོན་དེ་རྒྱ་ནག་མང་གཙོའི་ལམ་དུ་བསྐྱོད་པའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཏུ་གྱུར་ཡོད་ནའང་། ཆ་རྐྱེན་གྱི་ཡོངས་རྫོགས་གཏན་ནས་མིན། གལ་སྲིད་རྒྱ་ནག་ནང་ལ་མང་གཙོ་དང་རང་དབང་མེད་པ་ཡིན་ན། བོད་ཀྱི་གནད་དོན་ཐག་གཅོད་བྱེད་མི་ཐུབ་པ་ལྟ་བུ་ཞིག་རེད། འོན་ཀྱང་། གལ་སྲིད་ཉིན་ཞིག་རྒྱ་ནག་རང་དབང་མང་གཙོ་ཅན་དུ་འགྱུར་བ་ཡིན་ན་བོད་ཀྱི་གནད་དོན་རང་བཞིན་གྱི་ཐག་ཆོད་འགྲོ་བ་ཞིག་གཏན་ནས་མིན། དེ་ནི་ང་རྒྱ་རིགས་ཤིག་དང་མང་གཙོ་དོན་གཉེར་བ་ཞིག་ཡིན་པའི་ངོས་ནས་དེ་རིང་ངེས་པར་དུ་བཤད་དགོས་པའི་དོན་དག་ཅིག་རེད། རྒྱུ་མཚན་གང་ལགས་ཤེ་ན། ང་ནི་ཆུང་དུས་ནས་རྒྱའི་སྤྱི་ཚོགས་ནང་དུ་མཚར་ལོངས་བྱུང་བའི་རྒྱ་མི་ཞིག་ཡིན་པའི་ཆ་ནས་ངས་རྒྱ་མི་རིགས་ཀྱི་བསམ་བློ་གཏོང་སྟངས་ཤེས་ཀྱི་ཡོད། དེའི་ཕྱིར་ད་ལྟ་རྒྱ་ནག་མང་གཙོ་ཅན་དུ་མ་འགྱུར་བའི་སྔོན་ནས་ངེས་པར་དུ་རྒྱ་རིགས་དང་བོད་རིགས་བར་འབྲེལ་འདྲེས་གཏིང་ཟབ་དང་། བསམ་ཚུལ་བརྗེ་རེས་རྒྱ་ཆེར་བྱས་ཏེ། དེའི་སྔོན་གྱི་དུས་ཚོད་ནང་རྒྱ་ནག་གི་མིའམ་རྒྱ་རིགས་གང་མང་ཞིག་གིས་བོད་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་སྟངས། དངོས་ཡོད་གནས་ཚུལ། རིག་གཞུང་སོགས་ལ་རྒྱུས་ལོན་ཐུབ་པར་བྱ་དགོས། བོད་ཀྱི་གནས་སྟངས་ལ་རྒྱུས་ལོན་ག་ཚོད་བྱུང་པ་ཡིན་ནའང་མ་འོངས་པར་དྲང་བདེན་གྱི་ལམ་ནས་བོད་ཀྱི་གནད་དོན་ཐག་གཅོད་བྱ་བའི་རེ་བ་དེའི་ཚོད་ཀྱིས་ཆེ་བ་ཡོད། ད་ལྟ་བུའི་རྒྱུས་ལོན་དང་འབྲེལ་འདྲིས་མ་བྱུང་པ་ཡིན་ན། གལ་སྲིད་ཉིན་ཞིག་རྒྱ་ནག་ལ་རང་དབང་ཐོབ་པ་ཡིན་ནའང་། བོད་ཀྱི་གནད་དོན་ཐག་གཅོད་ཐུབ་པའི་རེ་བ་ཧ་ཅང་ཆུང་།”

དོན་ཚན་གསུམ་པ། “དབུ་མའི་ལམ་ནི་ཐོག་མར་༧གོང་ས་མཆོག་གིས་ཕྱི་ལོ་༡༩༧༤ ལོར་བཏོན་གནང་བ་དང་། རྗེས་སུ་ག་ལེར་རྒྱལ་སྤྱིའི་སྤྱི་ཚོགས་སུ་གྲགས་པའི་ཆབ་སྲིད་ལངས་ཕྱོགས་ཤིག་ཡིན་པ་བཞིན། ང་རང་ཉིད་ཀྱིས་༧གོང་ས་མཆོག་དང་ལྷན་དུ་ཐེངས་མང་འབྲེལ་བ་བྱུང་བའི་ཉམས་མྱོང་ཐོག་ནས་བཤད་པ་ཡིན་ན། ༧གོང་ས་མཆོག་གི་དགོངས་ཚུལ་ནི་ལྷག་བསམ་རྣམ་དག་ཡིན་པ་མ་ཟད། ངས་རྒྱ་ནག་སྐམ་ས་ནས་སླེབས་པའི་རྒྱ་རིགས་མཁས་པ་མང་པོ་དང་མཉམ་དུ་བགྲོ་གླེང་བྱེད་སྐབས། ང་རང་ཉིད་ཀྱི་ཉམས་མྱོང་ཐོག་ནས་༧གོང་ས་མཆོག་གི་དགོངས་ཚུལ་ལྷག་བསམ་རྣམ་དག་ཡིན་པ་དང་། ཁྱོད་ཚོས་བཤད་པའི་དབུ་མའི་ལམ་ནི་རྣམ་པ་འགྱུར་བའི་རང་བཙན་རེད་ཅེས་པ་ནོར་འཁྲུལ་རེད་ཅེས་སོགས་བརྗོད་དེ། ངའི་སྐད་ཆ་དེ་ཁོང་ཚོའི་འགོ་ཁྲིད་སར་སྐྱེལ་བའི་རེ་བ་བྱས་པ་ཡིན། རྒྱ་ནག་གཞུང་ལ་དེ་ལྟ་བུའི་དོགས་པ་ཡོད་པའམ་ཡང་ན་རྒྱ་གཞུང་རང་ཉིད་གཡོ་སྒྱུ་ཆེ་བའི་རྐྱེན་གྱིས། རྒྱུན་ལྡན་གྱི་མི་ཞིག་གིས་ཁོང་དང་འབྲེལ་བ་བྱེད་པ་ནི་ཧ་ཅང་ཁག་པའི་ལས་ཀ་ཞིག་རེད། ངས་དབུ་མའི་ལམ་གྱི་སྐོར་བཤད་དོན་ནི། ཁྱོད་ཚོ་དབུ་མའི་ལམ་དུ་བསྐྱོད་པར་སྐུལ་མ་བྱེད་པའི་སྐད་ཆ་མིན། ངས་གོང་དུ་བརྗོད་པ་ལྟར་ངས་ཁྱོད་ཚོའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་པ་ལས། ལངས་ཕྱོགས་གང་དུ་བསྐྱོད་མིན་ཁྱོད་རང་ཚོའི་རང་དབང་དང་ཐོབ་ཐང་རེད། ཡིན་ནའང་དབུ་མའི་ལམ་གྱི་རྣམ་དཔྱོད་དེ་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེ་པོ་རེད་དྲན་གྱི་ཡོད། འདས་པའི་མི་ལོ་ཉི་ཤུ་ལྷག་གི་རིང་ངས་དབུ་མའི་ལམ་ལ་རྒྱུས་ལོན་བྱུང་བའི་བརྒྱུད་རིམ་ཁྲོད། རྒྱ་རིགས་ཧ་ཅང་མང་པོ་ཞིག་གིས་དབུ་མའི་ལམ་ཁས་ལེན་དང་རྒྱབ་སྐྱོར་བྱས་པ་ཤེས་རྟོགས་བྱུང་ལ། སྤྱིར་རྒྱ་ནག་གི་མང་གཙོ་དོན་གཉེར་བ་རྣམས་ཀྱིས་རང་དབང་དང་མང་གཙོའི་ཐོབ་ཐང་རྩོད་ལེན་བྱེད་བཞིན་ཡོད་ནའང་། རྒྱ་ནག་ཁ་བྲལ་ལ་ཁས་ལེན་མི་བྱེད་མཁན་ཧ་ཅང་མང་། དེའི་ཕྱིར་དབུ་མའི་ལམ་དུ་རྣམ་དཔྱོད་ལྡན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་ལ། མ་མཐའ་ཡང་བོད་ཀྱི་སྐད་དང་ཡི་གེ ཆོས་དང་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐོག་ལ་ནུས་པ་ལྡན་པའི་ཐབས་ལམ་ཞིག་ཡིན་པའི་ཡིད་ཆེས་ཡོད།”

མཐའ་མར་རྒྱ་གཞུང་གིས་འདི་ལོར་བཏོན་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་དང་འབྲེལ་བའི་སྐོར་ནས་བརྗོད་དོན། “ད་ལོའི་རྒྱབ་ཤ་དཀར་པོའི་དཔེ་དེབ་ནང་བོད་ནི་གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་ཆ་ཤས་ཤིག་ཡིན་སྐོར་ཡང་ཡང་ནན་བརྗོད་བྱས་ཡོད། གལ་སྲིད་ཁྱོད་ཚོར་དོ་སྣང་བྱུང་ཡོད་པ་ཡིན་ན། ཕྱི་ལོ་༢༠༠༤ ལོའི་རྒྱབ་ཤ་དཀར་པོའི་དཔེ་དེབ་ནང་། བོད་དེ་ཕྱི་ལོ་དུས་རབས་བཅུ་གསུམ་པའི་ནང་རྒྱ་ནག་གི་ཆ་ཤས་ཤིག་ཏུ་གྱུར་པ་ནས་བཟུང་ཞེས་བཀོད་དེ། རྒྱ་ནག་ཡོན་རྒྱལ་རབས་སྐབས་ད་གཟོད་རྒྱ་ནག་གི་ཆ་ཤས་ཤིག་ཏུ་གྱུར་ཡོད་སྐོར་བརྗོད་ཡོད། ཕྱི་ལོ་༡༩༥༡ ཟླ་༥ པའི་ཚེས་༢༣ ཉིན་ང་ཕོད་ངག་དབང་འཇིགས་མེད་ཀྱིས་དབུ་ཁྲིད་པའི་བོད་སྡེ་པ་གཞུང་གི་སྐུ་ཚབ་དང་ལྷན་དུ་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་པའི་སྐབས། དོན་ཚན་དང་པོའི་ནང་“བོད་རིགས་མི་མང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་ནང་ཕྱིར་ལོག་པ་”ཞེས་“ཕྱིར་ལོག”་ཅེས་པའི་ཚིག་བེད་སྤྱོད་བྱས་ཡོད། ཚིག་དེའི་ཐོག་ནས་དེའི་སྔོན་དུ་ཁྱིམ་ཚང་ཆེན་མོའི་ཕྱི་ལོགས་སུ་ཡོད་པ་བསྟན་ཡོད་ལ། རྒྱ་ནག་གཞུང་གི་ཡིག་ཆའི་ནང་སྔ་ཚིག་ཕྱི་འགལ་གྱི་རྫུན་རྐྱང་རྐྱང་བཤད་བཞིན་ཡོད། མི་མང་པོ་ཞིག་གིས་ལོ་རྒྱུས་ཀྱི་གནད་དོན་གླེང་དགོས་དོན་མེད་སྐོར་བརྗོད་བཞིན་ཡོད་ཀྱང་། ངས་བསམ་ཚུལ་ལྟར་ན་ལོ་རྒྱུས་ངེས་པར་དུ་གླེང་དགོས། ལོ་རྒྱུས་ནི་དངོས་ཡོད་གནས་ཚུལ་གྱི་རྩ་བའི་རྨང་གཞི་ཡིན་སྟབས། བོད་པའི་ངོས་ནས་རྒྱ་ཡིག་ཐོག་ལ་ཆབ་སྲིད་ཀྱི་དྲིལ་བསྒྲགས་ལྟ་བུ་མ་ཡིན་པའི་དངོས་ཡོད་ལོ་རྒྱུས་ཀྱི་རྒྱུ་ཆ་ཡོངས་སུ་ཚང་བའི་དེབ་ཅིག་འདོན་དགོས་རྒྱུ་ཧ་ཅང་གལ་ཆེ། གལ་སྲིད་དེ་ལྟ་བུ་ཞིག་མེད་པ་ཡིན་ན། རྒྱ་རིགས་ཧ་ཅང་མང་པོ་ཞིག་མགོ་འཐོམས་བཞིན་ཡོད་ལ། མ་འོངས་པར་མུ་མཐུད་དུ་མགོ་འཐོམ་རྒྱུ་རེད། རྒྱ་ནག་སྲིད་གཞུང་གིས་སྟོང་ཆ་དེ་བེད་སྤྱོད་ནས་མུ་མཐུད་དུ་རྒྱ་རིགས་མང་ཚོགས་ཀྱི་ཀླད་པ་བསྒྱུར་བཞིན་ཡོད་པ་མ་ཟད། ཀླད་པ་བསྒྱུར་བ་དེ་ཚད་ངེས་ཅན་ཞིག་གིས་ཐོག་ནས་ལམ་ལྷོངས་བྱུང་ཡོད། གཞན་ཡང་འདི་ལོའི་རྒྱབ་ཤ་དཀར་པོའི་དཔེ་དེབ་ནང་ལན་གཅིག་མ་ཡིན་པར་ཡང་ནས་ཡང་དུ། བོད་ཀྱི་མི་རིགས་ཁག་ཅེས་པའི་ཚིག་དེ་བེད་སྤྱོད་བཏང་ཡོད། འདི་ནི་སྔར་མེད་པའི་མིང་ཚིག་བེད་སྤྱོད་གཏོང་སྟངས་གསར་པ་ཞིག་རེད། བོད་ཀྱི་མི་རིགས་ཁག་ཅེས་པའི་ཚིག་གིས་གང་ཞིག་བསྟན་བཞིན་པ་རེད་ཅེ་ན། རྒྱ་རིགས་གཙོས་པའི་མི་རིགས་གཞན་དག་ཟེར་བ་རྣམས་རྒྱུད་སྐུལ་བྱས་ཏེ། བོད་རིགས་ནང་ཁུལ་ཁ་འབྲལ་དང་ནང་ཁུལ་གྱི་ཐོབ་ཐང་རྩོད་ལེན་དགོས་སྐོར་བརྗོད་པ་ཞིག་ཡིན་པ་དང། སྔོན་གྱི་ལོ་རྒྱུས་ནང་དུའང་དེ་ལྟ་བུའིི་དཔེ་མཚོན་བྱུང་མྱོང་།”

IMG_0580མཇུག་མཐར་ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་བོད་ཐོག་འཛིན་པའི་སྲིད་ཇུས་སྐོར་བརྗོད་སྐབས། ཞི་ཅིན་ཕིང་དང་ཡུན་ཀྲན་ཧྲན་གཉིས་ཀྱིས་བོད་ནང་དུ་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཧ་ཅང་ཆེན་པོ་ཞིག་ཡོད་པ་ཤེས་རྟོགས་བྱུང་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་། དེ་ནི་མི་རིགས་ཁ་བྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོབ་ཀྱི་མིང་ཐོག་ནས་བོད་ནང་དུ་གནད་དོན་ཆེ་ཆུང་མང་པོ་བཟོས་ཏེ། ས་གནས་དཔོན་རིགས་རྣམས་ཀྱིས་རང་ཉིད་ལ་ཁེ་ཕན་དང་དབང་ཆ་རག་ཐབས་བྱེད་བཞིན་ཡོད་པའི་གནས་སྟངས་ཡོད་པ་ཞི་ཅིན་ཕིང་སོགས་ཀྱིས་ཤེས་རྟོགས་བྱུང་ཡོད་ཀྱང་། ད་ལྟ་རྒྱ་ནག་གི་དཔོན་རིགས་རྣམས་ལ་བོད་དོན་ཐག་གཅོད་བྱེད་པར་ཛ་དྲག་གི་སེམས་འཚབ་མེད་པའི་རྐྱེན་གྱིས། བོད་ཀྱི་གནད་དོན་ཐག་གཅོད་མུ་མཐུད་འགོར་འགྱངས་སུ་གཏོང་བཞིན་ཡོད་སྐོར་སོགས་བརྗོད་དེ་གཏམ་བཤད་མཇུག་གྲུབ་པའི་རྗེས། ཚོགས་ཞུགས་པ་རྣམས་དང་ལྷན་དུ་དྲི་བ་དྲིས་ལན་གྱི་ལམ་ནས་བོད་ཀྱི་གནད་དོན་དང་། དབུ་མའི་ལམ། རང་ལུས་མེར་སྲེག ལྐོག་ཟ་རུལ་སུངས། རྒྱ་ནག་གི་མང་གཙོ་སོགས་བརྗོད་གཞིའི་མང་པོའི་ཐོག་ལ་རང་རང་གི་བསམ་ཚུལ་བརྗོད་པ་དང་། དྲི་བ་དྲིས་ལན་བཅས་བྱས་ཏེ་ཐེངས་འདིའི་བཞུགས་མོལ་བགྲོ་གླེང་ཚོགས་འདུ་ཡོངས་སུ་མཇུག་བསྡུས་སོང་།།

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

Share this:
༧༢ ཀློག་གྲངས།