བོད་ལྗོངས་མདོ་སྨད་ཆོལ་ཁའི་ཚོགས་ཆེན་དྷ་སར་འཚོགས་པ།

“མདོ་སྨད་པ་ཡོངས་རྫོགས་༧སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་འོག་ཤར་ བསྐྱོད་བྱེད་ཀྱི་ཡོད་ནའང་། སྐྱོན་ཆ་ཕྲན་བུ་ཡོད་པ་རེད། དཔེར་ན་མདོ་སྨད་པའི་ནང་དོལ་རྒྱལ་བསྟེན་མཁན་ཉུང་ཤས་ཡོད་པ་རེད། ཉུང་ཤས་དེ་ཡང་མཚམས་འཇོག་ཡོང་ཐབས་སུ་བཀའ་སློབ་གནང་ཐུབ་ན་ཡག་པོ་ཡོད་རེད་”ཅེས་བཀའ་ཟུར་ཀིརྟི་རིན་པོ་ཆེས་མདོ་སྨད་ཚོགས་ཆེན་ཐོག་གསུངས་སོང་།

_MG_8759ཟླ་འདིའི་ཚེས་༢༥ ཉིན་བོད་ལྗོངས་མདོ་སྨད་ཆོལ་ཁའི་སྐབས་བཅོ་ལྔ་པའི་ཚོགས་ཆེན་ཐེངས་གསུམ་པ་དེ་དྷ་ས་ཀིརྟི་དགེ་རྩ་ཚོགས་ཁང་དུ་འཚོགས་པ་དང་། ཚོགས་ཆེན་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། བཀའ་ཟུར་ཀིརྟི་རིན་པོ་ཆེ་གཉིས་ཕེབས་ཡོད་པ་རེད།

ཚོགས་ཐོག་ཏུ་མདོ་སྨད་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ་ཀྱིས་ཚོགས་ཞུགས་པ་ཕེབས་བསུའི་གསུང་བཤད་གནང་བ་དང་། དབུས་རྒྱུན་དྲུང་ཆེ་རྒྱ་རིགས་ཐར་གྱིས་ལོ་གསུམ་རིང་གི་ལས་བསྡོམས་སྒྲོགས་སྦྱང་བྱས་པའི་ནང་འཁོད་པ་ལྟར་ན། མདོ་སྨད་པ་རྒན་ཁོག་དང་། ཉམ་ཐག སློབ་ཕྲུག་བཅས་རོགས་སྐྱོར་དང་སློབ་ཡོན་སྤྲད་ཀྱི་ཡོད་པ་དང། མདོ་སྨད་པ་མཐོ་སློབ་འགྲིམ་བཞིན་པ་ཚང་མར་ཧིན་སྒོར་ཆིག་སྟོང་གི་ལེགས་སྐྱེས་སྤྲོད་ཀྱི་ཡོད་འདུག དེ་བཞིན་བོད་ནང་རང་ལུས་མེར་སྲེག་གི་རྒྱ་རྒོལ་གནས་ཚུལ་དང་བསྟུན་ནས་ལས་འགུལ་ཅི་སྤེལ་སྐོར་དང་། མདོ་སྨད་དབུས་རྒྱུན་ལ་ཁང་པ་ཞིག་ཉོས་ཡོད་འདུག

སྐུ་མགྲོན་གཙོ་བོ་ཀིརྟི་རིན་པོ་ཆེས་མདོ་སྨད་པ་ཆིག་སྒྲིལ་དགོས་སྐོར་དང་འབྲེལ་ནས་གསུང་དོན། “ད་ལྟ་ང་ཚོར་མཐུན་ལམ་ཡོད་པ་རེད། མཐུན་ལམ་ཡོད་སྐབས་གཏོར་བཤིག་གཏོང་མཁན་ཕྱི་ནང་གཉིས་ནས་ཡོང་སྲིད་པས། མཐུན་ལམ་ཡོད་པ་དེར་ཤུགས་སྣོན་རྒྱག་དགོས་པ་གལ་ཆེན་པོ་རེད། བོད་ཕྱི་ནང་གཉིས་ནས་རྡོག་རྩ་ཆིག་སྒྲིལ་ཡོད་ནའང་། ཞན་ཆ་ཆུང་ཆུང་ཞིག་ཡོད་པའང་མེད་པ་བཟོ་དགོས་རེད། མདོ་སྨད་པ་ཡོངས་རྫོགས་༧སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་འོག་ཤར་བསྐྱོད་བྱེད་ཀྱི་ཡོད་ནའང་། སྐྱོན་ཆ་ཕྲན་བུ་ཡོད་པ་རེད། དཔེར་ན་མདོ་སྨད་པའི་ནང་དོལ་རྒྱལ་བསྟེན་མཁན་ཉུང་ཤས་ཡོད་པ་རེད། ཉུང་ཤས་དེ་ཡང་མཚམས་འཇོག་ཡོང་ཐབས་སུ་བཀའ་སློབ་གནང་ཐུབ་ན་ཡག་པོ་ཡོད་རེད། ཐོག་མར་རྒྱ་གར་ནང་མདོ་སྨད་པ་ཉུང་ཉུང་ཡིན་ཡང་། ཆོལ་ཁ་གསུམ་གྱི་དོ་ཟླ་ཡོང་ནས་བསྡད་པ་རེད་”ཅེས་དང་། “༧གོང་ས་མཆོག་གིས་ཆོས་ཚོགས་ཐོག་ང་ཤི་བའི་སྐབས་བློ་བདེ་པོ་བྱས་ནས་ཤི་རྒྱུ་ཡོད་པ་ཞིག་དགོས་སྐོར་གསུངས་སོང། ཚང་མས་༧གོང་ས་མཆོག་གི་ཐུགས་དགོངས་བསྒྲུབ་རྒྱུར་ཤུགས་རྒྱག་རོགས་”ཞེས་ཀིརྟི་རིན་པོ་ཆེས་གསུང་བཤད་གནང་སོང་།

_MG_8741སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གསུང་བཤད་གནང་སྐབས། དབུས་རྒྱུན་གྱི་ལས་བསྡོམས་ཚགས་ཚུད་པོ་དགོས་སྐོར་དང་། མདོ་སྨད་ཆིག་སྒྲིལ་དགོས་པ་དང་། མདོ་སྨད་ཆིག་སྒྲིལ་ཡོད་ན། མདོ་སྟོད་ཆིག་སྒྲིལ་དང། དབུས་གཙང་ཆིག་སྒྲིལ་ཡོང་ནས། བོད་མི་ཚང་མ་ཆིག་སྒྲིལ་ཡོང་རྒྱུ་ཡིན་སྐོར། ཐེངས་འདིའི་མདོ་སྨད་ཀྱིས་གྱ་སྟོན་གོ་སྒྲིག་བྱས་པ་དེས་༧གོང་ས་མཆོག་ཐུགས་མཉེས་པོ་བྱུང་ཡོད་སྐོར་གསུངས་སོང་ལ། སྤྱི་ཚོགས་ནང་བསམ་ཚུལ་མ་མཐུན་པ་ག་རེ་ཡིན་ཡང་ཚང་མས་ཁ་རྒྱ་ནག་ལ་གཏད་དགོས་སྐོར་དང་། ༧གོང་ས་མཆོག་གི་སྐུ་ཕྱྭ་གལ་ཆེན་པོ་རེད་ང་ཚོས་ཟེར་གྱི་ཡོད་ནའང། ཁོང་གི་དུས་ཚོད་དེ་ཡང་ང་ཚོར་དགོས་ཀྱི་ཡོད་པ་རེད། ཡིན་ནའང་༧གོང་ས་མཆོག་གི་མཛད་འཕྲིན་ཐག་གཅོད་དེ་ཁོང་གིས་གནང་གི་ཡོད་པ་དང་། སྔོན་མ་མཛད་འཕྲིན་ཉུང་དུ་གཏོང་དགོས་སྐོར་ཞུས་ཡོད་ནའང་། ཁོང་ངལ་གསོ་བརྒྱབ་བསྡད་ན་ཐང་ཆད་ཀྱི་འདུག་ཅེས་གསུངས་ནས་མཛད་འཕྲིན་རྒྱས་པོ་གནང་གི་ཡོད་སྐོར་ཡང་འགྲེལ་བརྗོད་གནང་སོང་།

ཚོགས་གཙོ་སྤེན་པ་ཚེ་རིང་གིས་མུ་མཐུད་གསུང་དོན། “ང་ལ་ཐེངས་གཅིག་༧རྒྱལ་བ་རིན་པོ་ཆེས་དྷ་རམ་ས་དེ་དམ་ཉམས་ཆགས་ཀྱི་འདུག་གསུངས་སོང་། དེ་འདྲ་གསུངས་དུས་ང་ཚོས་གོ་བ་མ་ལོན་པ་ཡོད་པ་མ་རེད། དམ་ཉམས་མ་ཆགས་པ་དེ་གལ་ཆེན་པོ་དང་། དམ་ཉམས་མ་ཆགས་པར་ང་ཚོས་ལྟ་དགོས་རེད། ༧རྒྱལ་བ་རིན་པོ་ཆེ་ཐུགས་མ་བདེ་བ་ཡོང་བ་དང་། ཐུགས་དཀྲུག་པ་ཙམ་གྱིས་སྐུ་ཚེ་ལ་གནོད་ཀྱི་ཡོད་རེད། སྤྱི་ཚོགས་ནང་ཟང་ཟིང་མ་ཡོང་བ་བཟོ་དགོས་པ་རེད་”ཅེས་གསུངས་སོང་ལ། དེ་བཞིན་༧གོང་ས་མཆོག་ལ་གྱ་སྟོན་ཕུལ་བའི་དངུལ་ལྷག་མ་དེ་ཡང་མ་འོངས་པའི་སློབ་མའི་སློབ་ཡོན་ཆེད་དུ་མར་གནང་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

ཚོགས་ཆེན་དེ་ཉིན་གཉིས་རིང་འཚོག་གི་ཡོད་པ་དང་། ས་གནས་རྒྱུན་ལས་ཁག་ཉི་ཤུ་ལྷག་གི་སྐུ་ཚབ་འཚོགས་བཅར་བྱས་ཡོད་འདུག བརྗོད་གཞི་གཙོ་བོ་༧རྒྱལ་བའི་སྐུ་ཕྱྭ་སྲུང་སྐྱོབ་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་། བོད་ནང་གི་གནས་བབས་བཅས་ཀྱི་ཐོག་བགྲོ་གླེང་དང། མཇུག་ཏུ་དབུས་རྒྱུན་གསར་པ་འོས་འདེམས་བྱེད་རྒྱུ་ཡིན་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༦༧༦ ཀློག་གྲངས།