གློག་བརྙན་གྱི་རིག་པ་དེ་བེད་སྤྱོད་ཐུབ་ན་ཡག་པོ་རེད།

དེ་རིང་ངས་གུས་དང་རིན་པོ་ཆེའི་བར་གྱི་མི་སྒེར་གྱི་འབྲེལ་བ་གཞན་དག་བཏང་སྙོམས་སུ་བཞག་ནས། དེང་སྐབས་སྤྱི་ཚོགས་འབྲེལ་འཐུད་དྲ་བ་སོགས་སུ་དོ་སྣང་བྱེད་བཞིན་པའི་ཁྱེད་དང་འབྲེལ་བའི་གླེང་སློང་འདྲ་མིན་ཁག་ཅིག་གི་ཐོག་དྲི་བ་འགའ་འགོད་འདོད་བྱུང་། ཁྱེད་རང་སྤྱི་ཚོགས་ཀྱི་མི་སྣ་གྲགས་ཅན་ཞིག་ཡིན་པའི་ཆ་ནས་དངོས་ཡོད་གནས་སྟངས་དངོས་མི་མང་ལ་དྲང་པོ་དྲང་བཞག་བྱས་ནས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་ནི་སྤྱི་ཚོགས་དང་མི་མང་ལ་འགན་འཁུར་སྟངས་ཤིག་རེད་ལ། ངས་གཤམ་གྱི་དྲི་བ་དག་ལ་ལན་དྲང་པོ་དང་ཁ་གསལ་ཞིག་ཐོབ་རྒྱུའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད།

དྲི་བ། ང་ཚོས་རྟག་པར་དྲ་ལམ་ནས་རིན་པོ་ཆེ་དང་འབྲེལ་བའི་སྐོར་གྱི་པར་རིས་ཁྱད་མཚར་དེ་འདྲ་མཐོང་གི་ཡོད། དེ་ལ་བལྟས་ནས་འགའ་རེས་རྫོང་སར་རིན་པོ་ཆེ་ཟེར་བ་དེ་སྨྱོན་པ་འདྲ་པོ་འདུག་ཅེས་ལབ་ཀྱི་འདུག ལོ་རྒྱུས་ཐོག་ཧ་ཅང་ཤུགས་རྐྱེན་ཆེན་པོ་ཡོད་མཁན་གྱི་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཡང་སྲིད་ཡིན་པའི་ཆ་ནས་བཤད་སྟངས་དེར་སྐུ་ཉིད་ལ་བསམ་ཚུལ་ག་འདྲ་ཡོད།

IMG_2299ལན། ང་ནི་རང་བློ་ཡང་རང་ལ་ལྐོག་ཏུ་གྱུར་པའི་གང་ཟག་ཅིག་ཡིན། ཡིན་ནའང་ང་རང་རང་གི་དགོན་པ་དང་གདན་ས་ཆུང་ཆུང་ཙམ་ཞིག་མ་ཡིན་པར་ཤཱཀྱ་ཐུབ་པའི་བསྟན་པ་སྤྱི་ལ་རྒྱུ་མཚན་ཏོག་ཙམ་ཤེས་པའི་དད་པ་ཡིད་ཆེས་དང་བ་བཅས་མ་སྐྱོན་ཙམ་ཡོད་ཟེར་ན་འགྲིག བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ཙམ་ཞིག་མ་ཡིན་པར། འཛམ་བུ་གླིང་གཞན་ལ་ཡོད་པའི་ཆོས་བརྒྱུད་དེ་ཚོ་ཡང་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་གི་ལུགས་སྲོལ་ཞིག་རེད་བསམས་ནས་དེ་ཚོ་ལའང་སེམས་ཁྲལ་དང་། ཡག་པོ་ཆགས་ཀྱི་ཡོད་ན་དགའ་པོ་བྱེད་པ་དང་། སྡུག་པོ་ཆགས་ཀྱི་ཡོད་ན་སེམས་པ་མ་སྐྱིད་པ་ཡོང་གི་ཡོད། འཇིག་རྟེན་གྱི་ངོས་ནས་བཤད་ན། ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་ཤ་ཞེན་ཡོད་དྲན་གྱི་འདུག ཡེ་ཤུ་དང་ཁ་ཆེའི་རིགས་དེ་དེང་སང་དར་ཁྱབ་ཆེན་པོ་ཡོང་བའི་སྐབས། ང་ཚོ་ནང་པ་སངས་རྒྱས་པའང་ཁོ་ཚོ་ནང་བཞིན་སྟོབས་ཆེན་པོ་དང་དར་ཁྱབ་ཆེན་པོ་ཡོང་ན་ཅི་མ་རུང་ཞེས་བསམ་མཁན་ཞིག་ཡིན། དེ་རྣམས་མ་གཏོགས་ཕལ་ཆེར་དམ་པའི་ཡོན་ཏན་མེད་པའི་སྟེང་ལ། མི་གཤིས་རྒོད་པོ་དང་། རང་གི་སྒོ་གསུམ་གྱི་ཁྲིམས་ཀྱང་རང་གིས་བསྡམས་མི་ཐུབ་མཁན་ཡིན་དུས་མི་ཚོས་སྨྱོན་པ་རེད་ཅེས་ལབ་མཁན་ཡོད་ཀྱི་རེད། ཁག་གཏན་ནས་མེད་པ་རེད་དྲན་གྱི་འདུག སྐུ་གོང་མ་ཉི་ཟླ་ལྟ་བུ་གཉིས་ཀྱི་མཚན་གྱི་ཅོད་པན་དེ་ང་ལ་ཐོགས་ནས་མཚན་ཤས་དང་ཞབས་འདྲེན་ཏན་ཏན་ཆགས་ཀྱི་རེད། ང་ལོ་ཆུང་ཆུང་སྐབས་སུ་དགེ་རྒན་དམ་པ་ཚོས་རྟག་པར་ཞི་དྲག་གཉིས་ཀའི་ཐོག་ནས་བཀའ་སློབ་དང་ལམ་སྟོན་མང་པོ་གནང་ཡོད། ཆུང་དུས་གཟབ་གཟབ་བྱས་པ་རེད། དགེ་རྒན་ཚོ་ལ་སྐྲག་དགོས་རེད། ཐ་ན་ཁྲིའི་སྒང་ལའང་ཙོག་ཙོག་བྱས་ནས་གསེར་སྐུ་ནང་བཞིན་འདུག་རྒྱུ་དང། ཕར་ཚུར་འགྲོ་དུས་ཀྱང་ལྷབ་ལྷབ་བྱས་ནས་འགྲོ་བ་མ་ཡིན་པར་རིག་པ་བསྒྲིམས་ནས་འགྲོ་བ་དེ་འདྲ་བྱས་པ་ཡིན། ཡིན་ནའང་གཤིས་ཀ་ཟེར་མཁན་དེ་བསྒྱུར་བཅོས་གཏོང་རྒྱུ་ལ་དཔེ་དཀའ་ལས་ཁག་པོ་ཡིན་པས། ང་གཤིས་ཀ་རྒོད་པོ་ཡིན་དུས་དབང་པོའི་སྒོ་དེ་བསྡམས་མི་ཐུབ་པ་ཆགས་ཀྱི་འདུག དེ་ཡིན་དུས་ཆུང་དུས་ནས་མི་རྒོད་ཀྱི་གྲས་ལ་སླེབས་སོང་བ་རེད། ཡིན་ནའང་ངའི་རྩ་བའི་བླ་མ་ཐམས་ཅད་ཀྱིས་ཐུགས་རྗེའི་རྭ་བ་ལས་མ་དོར་བའི་སྟེང་ལ། ད་དུང་ཧ་ཅང་གི་གཟིགས་པ་རླབས་པོ་ཆེ་གནང་བའི་བྱིན་རླབས་དང་བཀའ་དྲིན་ཤིན་ཏུ་ཆེ་བ་རེད་ཅེས་བསམ་ཤེས་ཀྱི་ཡོད། སྤྱིར་བཏང་དེང་སང་སྐྱེས་ཆེན་དམ་པའི་ཡང་སྲིད་ཅིག་རེད་རྒྱུའི་ཆེད་དུ་འཚང་ཀ་ཤིག་ཤིག་རྒྱག་གི་འདུག་སྟེ། ཡིན་ནའང་སྐུ་གོང་མ་དེ་མཚན་སྙན་གྲགས་ཆེན་པོ་ཡོད་པ་ཡིན་ན། དེང་སང་གི་དུས་ཚོད་ལ་དེའི་ཡང་སྲིད་དེས་འཕྲོ་མཐུད་པ་དང་། སྐུ་གོང་མའི་རྣམ་ཐར་སྐྱོང་ཟེར་བ་འདི་ཧ་ལས་པའི་དཀའ་ལས་ཁག་པོ་མིན་འགྲོ་དྲན་གྱི་འདུག སྐུ་གོང་མའི་རྣམ་ཐར་སྐྱོང་ཐུབ་པའི་རེ་བ་དང་སྨོན་ལམ་ཙམ་ཞིག་རྒྱག་ཤེས་མཁན་ཡོད་ན་ཡང་ཞེ་དྲག་ཡག་པོ་རེད། ངས་ནི་སྐུ་གོང་མའི་རྣམ་ཐར་སྐྱོང་ཐུབ་རྒྱུ་ཕར་བཞག ཁྱོད་ཀྱི་དྲི་བའི་ནང་ཡོད་པ་ནང་བཞིན་དངོས་ནས་སྐུ་གོང་འོག་གཉིས་ཀའི་མཚན་ཤས་ཆགས་དང་ཆགས་བཞིན་པ་ཡིན་བསམ་གྱི་འདུག ཡིན་ནའང་སྐུ་གོང་འོག་གཉིས་ཀ་ལ་གསོལ་བ་བཏབ་སྟེ། ཁོང་རྣམ་གཉིས་ཀྱིི་སྨོན་ལམ་ཇི་ལྟ་བ་བཞིན་བསྒྲུབ་ཐུབ་པའི་སྨོན་འདུན་ནི་ཅུང་ཟད་རེ་བྱེད་ཀྱི་ཡོད།

དྲི་བ། ངས་མཐོང་མྱོང་བའི་རྒྱ་ཡིག་གི་གཟུགས་མཐོང་བརྙན་འཕྲིན་དེ་འདྲའི་ནང་ཁྱེད་ཀྱིས་ཕོ་མོའི་བརྩེ་དུང་གི་འཚོ་བ་རོལ་མྱོང་བ་དང་། དགའ་རོགས་དེ་འདྲ་ཡོད་ཅེས་གསུང་འདུག དེ་དངོས་འབྲེལ་རེད་དམ།

ལན། དེ་དངོས་འབྲེལ་རེད། ད་ལྟ་ཁྱེད་ཀྱིས་བཀའ་འདྲི་གནང་བ་ནང་བཞིན་ཁ་ཐུག་ང་ལ་འདྲི་མཁན་ཡོད་ན། ད་བར་དུ་སྦས་གསང་དང། དེའི་སྐོར་ལ་འཁྱོག་བཤད་དེ་འདྲ་བྱེད་རྒྱུ་མ་བྱུང་། སྤྱིར་བཏང་བདག་ཅག་གི་སྟོན་པས་ཐར་པའི་ལམ་དེ་ངས་བསྟན་ཁྱེད་ལ་བསྟན་ཡོད་པ་ལས། ཐར་པ་དེ་སྒེར་སོ་སོ་ལ་རག་ལས་ཡོད་པར་གསུང་ཡོད་སྟབས་བག་ཡོད་པ་བྱེད་དགོས་པ་ཞིག་རེད། དེ་མ་གཏོགས། བཙན་པོས་དབང་ཡོད་དང་། ཡིན་གཅིག་མིན་གཅིག་དེ་འདྲ་བྱེད་དགོས་རེད་ཟེར་བ་དེ་འདྲ་སངས་རྒྱས་པའི་ཆོས་ལ་རྩ་ནས་མེད་པ་རེད། སངས་རྒྱས་པའི་ཐེག་པ་རིམ་པ་མ་འདྲ་བའི་ནང་ལ་རང་རང་སོ་སོའི་དབང་པོ་དང་། བློ་དང་། ནུས་པ་དང། ཁམས་དང་བསྟུན་ནས་ལམ་གང་དུ་འཇུག་རྒྱུ་དེ་རང་རང་སོ་སོས་བསམ་བློ་བཏང་ནས་འཇུག དེའི་ཁས་ལེན་དང་དམ་བཅའ་ལ་སོགས་པ་བྱས་ཚར་བའི་གཞུག་ལ་དཔྱིས་ཕྱིན་པ་ཚང་བ་མ་ལུས་པ་ཞིག་བྱེད་དགོས་པ་ཞིག་རེད་དེ་ཡོད་པ་རེད། དེ་ནང་པ་སངས་རྒྱས་པའི་གཟི་བརྗིད་རེད་མ་གཏོགས་སྐྱོན་ཆ་ཆགས་ཡོད་པ་མ་རེད། དཔེར་ན། ཤཱ་རིའི་བུ་དང་གནས་བརྟན་ཉེ་བར་འཁོར་ལྟ་བུ་འདུལ་བ་འཛིན་པའི་ལམ་ཉམས་བཞེས་གནང་མཁན་ཡང་ཡོད་པ་རེད་ལ། འཇམ་དཔལ་དབྱངས་དང་སྤྱན་རས་གཟིགས་ལྟ་བུ་ཁྱིམ་པའི་བརྟུལ་ཞུགས་སྐྱོང་མཁན་དེ་འདྲའང་ཡོད་པ་རེད། མ་འདྲ་བ་ཡོད་པ་དེ་ནང་པའི་གཟི་བརྗིད་རེད། ང་ཚོའི་བོད་ལ་ཡང་འདུལ་བ་འཛིན་པའི་སྤྱོད་པ་ལ་གནས་ནས་ཉམས་བཞེས་གནང་མཁན་གྱི་ཕྱོགས་གཅིག་དང་། ཁྱིམ་པའི་བརྟུལ་ཞུགས་བསྐྱངས་ནས་ཆོས་བྱེད་མཁན་གྱི་ལུགས་སྲོལ་ཞིག་སྟེ་གཉིས་སྔོན་མ་ནས་ཡོད་པ་རེད། འདུལ་བ་འཛིན་པའི་བརྟུལ་ཞུགས་ཀྱིས་བསྟན་པ་སྐྱོང་མཁན་དང་། ཁྱིམ་པའི་བརྟུལ་ཞུགས་ཀྱིས་བསྟན་པ་སྐྱོང་མཁན་གཉིས་ཀ་ཧ་ཅང་གི་བྱས་རྗེས་ཆེན་པོ་ཡིན་པ་འདྲ་མཉམ་རེད། དངོས་གནས་བྱས་ན་གང་ཟག་སོ་སོའི་འདུལ་འཛིན་གྱི་ལམ་ཉམས་སུ་ལེན་གྱི་ཡིན་ནམ། ཡང་ན་ཁྱིམ་པའི་བརྟུལ་ཞུགས་སྐྱངས་ནས་ཆོས་བྱེད་ཀྱི་ཡིན་པ་དེ་སྒེར་སོ་སོའི་བསམ་བློ་དང་བསྟུན་ནས་བྱེད་རྒྱུ་མ་གཏོགས། མཐའ་གཅིག་ཏུ་ཁྱིམ་པ་མ་བྱས་ན་མ་ཆོག་པ་དང། ཡང་ན་གྲྭ་པ་མ་བྱས་ན་མ་ཆོག་པ་དེ་འདྲ་སངས་རྒྱས་པའི་ཆོས་ནང་ལ་བཙན་པོའི་བཀས་བཀོད་ཡོད་པ་མ་རེད། ཡིན་ནའང་མཚམས་མཚམས་ལ་ལུང་པའི་གོམས་གཤིས་དང་མི་རིགས་ཀྱི་གོམས་གཤིས་དེ་ཤུགས་ཆེན་པོ་ཆགས་པའི་དབང་གིས་མ་བྱས་ན་མ་འགྲིགས་པ་དེ་འདྲའང་ཡོད་སྲིད་ཀྱི་རེད། དཔེར་ན། དགའ་ལྡན་ཁྲི་པ་ཡུམ་བཞེས་བསྡད་པ་ཞིག་ད་ལྟའི་བར་དུ་བྱུང་ཡོད་པ་མ་རེད་ལ། དེ་འདྲ་བྱས་པ་ཡིན་ན་ཕལ་ཆེར་བསམ་པའི་ནང་འཁོར་མ་ཐུབ་པ་དེ་འདྲ་ཆགས་ཀྱི་རེད། ༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་ངོར་མཁན་ཁག་སྐུ་ཕྲེང་རིམ་བྱོན། སྨིན་གླིང་མཁན་ཁྲི་རིམ་བྱོན་ཕལ་ཆེ་བ་དེ་ཚངས་སྤྱོད་ཆགས་བསྡད་པ་ཡིན་དུས་ཡུམ་བཞེས་ན་སྤྱི་ཚོགས་ཀྱི་སྟེང་ནས་དམིགས་བསལ་མ་འགྲིག་པ་ཆགས་པ་འདྲའི་བསམ་བློ་གཏོང་སྟངས་དེ་འདྲ་སླེབས་ཀྱི་ཡོད། དེ་ང་ཚོའི་སྤྱི་ཚོགས་ཀྱི་བསམ་བློ་བཏང་སྟངས་རེད་མ་གཏོགས་འདུལ་བའི་ནང་ལ་དེ་ཚོས་དམིགས་བསལ་ཡུམ་བཞེས་ཆོག་གི་མ་རེད་ཟེར་བ་དེ་འདྲའི་སྐད་ཆ་མེད་པ་རེད། འོན་ཀྱང་ཁོང་ཚོས་གལ་ཏེ་ཡུམ་བཞེས་བཞག་པ་ཡིན་ན་དེ་ནས་འདུལ་བའི་ལས་རབ་འབྱམས་སོགས་ལ་མི་དབང་བ་ནི་བརྗོད་མ་དགོས་པ་རེད།

མ་གཞི། ལུང་པ་དང་སྤྱི་ཚོགས་ཀྱི་གོམས་གཤིས་ཟེར་མཁན་དེ་ཧ་ཅང་གི་ཤུགས་ཆེན་པོ་ཡིན་པ་ཏན་ཏན་རེད་བཞག ང་ལ་ཡང་ཁམས་སྡེ་དགེ་ཕྱོགས་ནས་ཡིན་ཟེར་བའི་གྲྭ་པ་ཁ་ཤས་ཀྱིས་ངའི་རྩར་འོང་ནས་རིན་པོ་ཆེ་ཁྱེད་ཀྱིས་བཀའ་མོལ་འདྲ་མི་འདྲ་དང་། དགེ་ཚུལ་སློང་མ་ཡིན་པའི་སྐོར་གསུང་གི་འདུག དེ་འདྲ་མ་གསུངས་རོགས་གྱིས། འཇམ་དབྱངས་མཁྱེན་བརྩེ་ཟེར་མཁན་དེ་ཡིན་གཅིག་མིན་གཅིག་རབ་བྱུང་བྱེད་དགོས་རེད་ཟེར་གྱི་འདུག དེ་འདྲ་ཟེར་མཁན་ཐེངས་ཁ་ཤས་ཤིག་དངོས་སུ་སླེབས་སོང་། དངོས་སུ་དེ་འདྲ་བཤད་མཁན་དག་ལ་ཁ་རི་ཁ་ཐུག་དྲང་པོ་དྲང་རྐྱང་བྱས་ནས་བཤད་པ་ཡིན། དྲང་པོ་བཤད་ན་ཡག་གི་རེད། འཇམ་དབྱངས་མཁྱེན་བརྩེ་སྐུ་ཕྲེང་རིམ་བྱོན་དེ་ཡིན་གཅིག་མིན་གཅིག་དགེ་ཚུལ་སློང་གི་སྡོམ་པ་གསན་དགོས་པའི་ཁྱབ་པ་ཡོད་པ་མ་རེད་ཅེས་བཤད་རྒྱུ་བྱུང་། དངོས་སུ་དེ་འདྲ་བཤད་ནའང་ཀུ་རེ་དང་རྩེད་མོ་ཡིན་པའི་དབང་དུ་བཏང་ནས་ཡིད་ཆེས་གཏན་ནས་བྱེད་ཀྱི་མི་འདུག དངོས་སུ་མི་ཡིས་མི་ལ་ཕར་བཤད་དུས་ཡིད་མ་ཆེས་ན་དེ་ནས་བྱ་ཐབས་མེད་པ་རེད།

ང་ལོ་ཉི་ཤུ་ལྷག་ཙམ་སོན་དུས་ངའི་ཞབས་ཕྱི་དྲག་ཞན་ཁ་ཤས་ཤིག་དང་། བླ་མ་ཁ་ཤས་ཤིག་གིས་སྐུ་གོང་འོག་གཉིས་ཀྱིས་དགེ་ཚུལ་སློང་གི་སྡོམ་པ་དེ་སྨིན་གྲོལ་གླིང་གི་སྡོམ་རྒྱུན་གསན་ཡོད་པ་རེད། ཞ་དེའུ་འཁྲུལ་ཞིག་རིན་པོ་ཆེས་དེ་སྐབས་སྡོམ་རྒྱུན་སྤེལ་གནང་དུས་ཁྱེད་རང་གིས་དེ་ནས་ཞུ་ན་ཡག་གི་རེད་ཅེས་བཀའ་གནང་སོང། ཡིན་ནའང་དེ་དུས་ནས་ངས་དགེ་ཚུལ་སློང་གི་སྡོམ་པ་ཞུས་ནས་སྲུང་ཐུབ་རྒྱུའི་སྤོབས་པ་གཏན་ནས་མེད། མེད་པ་ནང་བཞིན། མུ་མཐུད་སྲུང་རྒྱུ་དཀའ་ལས་ཁག་པོ་རེད། ཡོང་ཁག་པོ་རེད་ཅེས་ངས་རང་གི་བསམ་ཚུལ་ངོ་མ་དེ་ཞུས་པ་ཡིན། ཡིན་ནའང་མཐར་ཁོང་ཚོས་རེ་བ་བྱས་པ་ནང་བཞིན། ཟླ་བ་ཁ་ཤས་དང་ཡང་ན་ལོ་ཁ་ཤས་ཀྱི་རིང་ལ་ཞུས་བཞག་པ་ཡིན་ན་ཡང་ཤཱཀྱའི་སྲས་ཤཱཀྱའི་གདུང་ཟེར་མཁན་དེ་མཐར་ཁྲིམས་འཆལ་རེད་སོང་བ་ཡིན་ནའང་། བསླབས་པ་རྒྱུད་ལ་བླངས་པ་ཙམ་ལའང་དགེ་བའི་རྩ་བ་བླ་ན་མེད་པ་ཡོད་ཅེས་གསུངས་པ་ཡིན་དུས་ཅིག་འགྲིག་འགྲོ་གི་ཡོད་པ་མིན་འགྲོ་དྲན་ནས་དེ་འདྲར་བསམ་བློ་བཏང་ནས་ཞུས་པ་ཡིན།

ཡང་ཕྱོགས་གཅིག་ནས་ངའི་རིགས་རྒྱུད་དེ་རྩ་ཆེན་པོ་ཞིག་རེད་ཟེར་ནས་སྐད་ཆ་བཤད་རྒྱུ་ཡོད་པ་རེད། ངའི་ནང་མིའི་ནང་ལ་ང་བུ་ཆེ་ཤོས་ཡིན་དུས་ཁ་ཤས་ཀྱིས་ངེས་པར་དུ་གདུང་རྒྱུད་སྤེལ་དགོས་ཀྱི་རེད་ཟེར་མཁན་ཡང་བྱུང་སོང་། གདུང་རྒྱུད་སྤེལ་རྒྱུ་དང་ཁྱིམ་ཐབས་བསྟེན་ཟེར་མཁན་དེ་ཡང་ང་རང་གི་གཤིས་ཀ་དང་བསྟུན་ཡོང་དུས་དེ་ཡང་མི་ཐུབ་པ་ཞིག་ཡིན་པ་རང་གིས་ཧ་གོ་གི་ཡོད་ཙང་བྱེད་རྒྱུ་བྱུང་མ་སོང་།

དྲི་བ། མི་ཚོའི་ནང་ལ་སྤྲུལ་སྐུས་ཡུམ་བཞེས་ན་འགྲིག་གི་རེད་ཟེར་མཁན་འདུག ཁྱེད་ཀྱིས་རང་ཉིད་སྤྲུལ་སྐུ་ཞིག་ཡིན་པའི་ཆ་ནས་དེ་གོ་སྐབས་སམ་ཁེ་བཟང་ལྟ་བུ་ཞིག་ཏུ་བརྩི་གིན་ཡོད་དམ། དེ་བཞིན། དེང་སང་སྤྲུལ་སྐུས་ཡུམ་བཞེས་པ་དེ་ཚོ་གསང་སྔགས་ཀྱི་ཉམས་ལེན་གྱི་ཁོངས་སུ་བསྡུ་དགོས་ཀྱི་ཡོད་དམ། ཡང་ན་སྤྲུལ་སྐུ་ཚོས་ཀྱང་སྤྱིར་བཏང་གི་མི་ནང་བཞིན་ཐ་མལ་གྱི་ཆགས་པ་མགོ་མ་ནོན་པ་ཞིག་ལ་ངོས་འཛིན་དགོས།

ལན། སྤྲུལ་སྐུ་དང་གང་ཟག་སྒེར་གྱིས་ཡུམ་བཞེས་ན་འགྲིག་གི་ཡོད་མེད་དེ་རང་རང་སོ་སོས་བསམ་བློ་གཏོང་རྒྱུ་རེད་མ་གཏོགས། གཞན་གྱིས་འགྲིག་གི་རེད་མ་རེད་ལབ་རྒྱུ་མེད་རེད། འདུལ་བ་དབང་བཙན་བྱས་ན་སྤྲུལ་སྐུ་དེ་དགེ་ཚུལ་སློང་ཡིན་ན་ཡུམ་བཞེས་ན་འགྲིག་གི་མ་རེད། བླ་མ་དང་སྤྲུལ་སྐུའི་སློབ་མ་ཚོས་རང་གི་བླ་མ་དང་སྤྲུལ་སྐུས་མཛད་སྤྱོད་ག་རེ་གནང་ནའང་འགྲིགས་ཀྱི་རེད་བསམ་པ་དེ་སློབ་མ་ཚོའི་སྒེར་གྱི་དག་སྣང་གི་ཉམས་ལེན་རེད། སྤྲུལ་སྐུའི་ཡུམ་བཞེས་རྒྱུ་ཡོད་པའི་གོ་སྐབས་དེ་ཁེ་བཟང་ལྟ་བུ་བརྩི་དགོས་པ་དེ་སྤྲུལ་སྐུ་ཙམ་ཞིག་མ་ཡིན་པ་སུ་ཡིན་ནའང་སྔགས་བླ་མེད་ཀྱི་ཉམས་ལེན་དུ་བསྒྱུར་ཤེས་པ་ཡིན་ན། ཁེ་བཟང་དུ་ལོས་བརྩི། དེ་མ་ཡིན་ན་སྟོན་པ་བདེ་བར་གཤེགས་པའི་རྗེས་སུ་ཞུགས་ནས་སོ་ཐར་གྱི་སྡོམ་པ་ཞུས་རྗེས་དགེ་ཚུལ་སློང་བྱེད་པ་དེ་ཧ་ཅང་གི་ཁེ་བཟང་བརྩི་དགོས་ཀྱི་རེད། དེང་སང་ཙམ་ཞིག་མ་ཡིན་པ་སྔ་མོ་ནས་སྤྲུལ་སྐུས་ཡུམ་བཞེས་པ་དེ་གསང་སྔགས་ཀྱི་ཉམས་ལེན་གྱི་ཁོངས་སུ་གཏོགས་པས་ཁྱབ་པ་རེད་ཅེས་ལབ་ཐུབ་པ་ཞིག་མེད་པ་རེད། གསང་སྔགས་ཀྱི་ཉམས་ལེན་ཡིན་མིན་དེ་གང་ཟག་སྒེར་སོ་སོས་ཧ་གོ་གི་རེད་མ་གཏོགས་ཐ་མལ་པའི་གང་ཟག་ཅིག་གིས་ཐག་གཅོད་ཐུབ་པ་ཞིག་མ་རེད། གསང་སྔགས་ཀྱི་ཉམས་ལེན་ཡང་བྱེད་མ་ཐུབ། ལུགས་སྲོལ་དང་གཏམ་སྙན་གྲགས་ཚུལ་འཆོས་ཀྱི་དབང་དུ་གྱུར་ནས་དགེ་ཚུལ་སློང་གི་སྡོམ་པ་ཞུས་པ་དེ་ཡག་པོ་སྲུང་མ་ཐུབ། ད་རུང་འདུལ་བའི་ལས་རབ་འབྱམས་ཐམས་ཅད་བྱས། གསོ་སྦྱོང་འཚོགས་པ་དང་སྡོམ་པ་སྤེལ་རྒྱུ་ཆགས་པ་སྤྱོད་པ་བཅས་ཚང་མ་མཉམ་དུ་བྱེད་བསྡད་པ་ཡིན་ན་ཐ་མལ་གྱི་ཆགས་པ་མགོ་མ་གནོན་པ་མ་ཟད། དམིགས་བསལ་གྱི་བླ་མ་དང་སྤྲུལ་སྐུ་ཚོས་དེ་འདྲ་གནང་བ་ཡིན་ན་རང་ལ་ཡང་ཉེས་པ་དང་ལྟུང་བ་བླ་ན་མེད་པ་ཡོད་པ་དང་། བླ་མ་དང་སྤྲུལ་སྐུ་ཟེར་མཁན་དེ་དབུ་ཁྲིད་ཅིག་ཡིན་པའི་ཁུལ་ཡིན་དུས་གཞན་ལ་མིག་ལྟོས་ཧ་ཅང་གི་སྡུག་པོ་རེད་འགྲོ་བས་ཉེན་ཚབས་ཆེན་པོ་རེད།

དྲི་བ། ཉེ་སྔོན་གྲགས་སྐར་(明星)བུད་མེད་དེ་འདྲས་སྡིངས་ཆ་འདྲ་མིན་གྱི་ཐོག་ཁྱེད་ལ་འོ་བྱེད་བཞིན་པ་དང་། ཕན་ཚུན་འཐམ་འཁྱུད་བྱེད་བཞིན་པ་སོགས་ཀྱི་འདྲ་པར་སྤྱི་ཚོགས་ཐོག་ཐོན་ཡོད་ཅིང་། དྲ་དམངས་མང་པོ་ཞིག་གིས་གྲྭ་ཆས་གྱོན་ནས་དེ་འདྲ་བྱེད་པ་ཞབས་འདྲེན་རེད་ལབ་ཀྱི་འདུག་དེའི་ཐད་རང་ངོས་ནས་བསམ་ཚུལ་ག་འདྲ་ཡོད།

ལན། ཆས་ལུགས་དེ་འདྲ་གྱོན་པ་དེ་བསྟན་པའི་ཞབས་འདྲེན་རེད་དྲན་མཁན་ཚོ་ཏན་ཏན་ཐུགས་ཁག་མེད། ངས་དུས་རྒྱུན་གོན་བཞིན་པའི་ཆས་གོས་དེ་མཐོང་སྣང་ལ་གྲྭ་ཆས་ནང་བཞིན་ཞིག་ཡོད་པ་རེད། དུས་རྒྱུན་ངས་གློག་བརྙན་གྱི་སྐོར་ལ་ལས་དོན་དེ་འདྲ་སྤེལ་ནས་གློག་བརྙན་ལ་འབྲེལ་བ་ཡོད་པའི་ལས་ཀ་ལས་དུས་གློག་བརྙན་འཁྲབ་སྟོན་དང་འབྲེལ་བ་ཡོད་པའི་མི་དང་སྐབས་མཚམས་ལ་གློ་བུར་དུ་ཐུག་འཕྲད་བྱུང་བ་དང་། མཚམས་མཚམས་ལ་བསམ་བློ་འཁོར་ལོང་མེད་པར་མང་པོའི་ནང་དུ་འདྲ་པར་བརྒྱབ་ནས་དྲྭ་རྒྱའི་ནང་ལ་བསྟན་པ་དེ་འདྲ་ཡོང་གི་འདུག

དྲི་བ། ཁྱེད་ཀྱིས་ནམ་རྒྱུན་བཞེས་བཞིན་པའི་ན་བཟའ་འདི་ལ་མཚོན་ན་མང་པོ་ཞིག་གིས་འདི་རབ་བྱུང་གི་རྒྱུན་གོས་རེད་བསམ་གྱི་ཡོད། མ་མཐའ་ཡང་བོད་བརྒྱུད་ནང་བསྟན་ལ་ཆ་རྒྱུས་མེད་མཁན་ཚོའི་ངོས་ནས་བཤད་ན་དབྱེ་བ་འབྱེད་པར་དཀའ་ལས་ཆེན་པོ་འདུག དེའི་ཐད་ཁྱེད་རང་ལ་གོ་བ་ལེན་སྟངས་ག་འདྲ་ཡོད།

ལན། དེའི་ཐོག་ལ་ཡ་ང་བ་དང་བག་ཚ་བ་མེད་པ་མ་ཡིན་པར་ནམ་རྒྱུན་བསམ་བློ་གཏོང་བཞིན་པ་ཡིན།མཐའ་གཅིག་ཏུ་འདུལ་བ་དང་མཐུན་པའི་སྐད་ཆ་བཤད་ན། ང་དང་མང་པོ་ཞིག་གིས་གོན་བསྡད་པ་དེ་འདུལ་བ་དང་མཐུན་པའི་ཐང་ཤམ་དང་སྣམ་སྦྱར་ཆོས་གོས་ཟེར་བ་དེ་རང་མ་རེད། འོན་ཀྱང་འདྲ་པོ་འདྲ་པོ་ཡོད་པ་རེད། དེ་ཡིན་དུས་ང་འདྲ་བོའི་མི་ཞིག་གིས་གྱོན་ཆས་དེ་འདྲ་ཞིག་གོན་བྱས་ནས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་དུ་འདུལ་བའི་བསྟན་པ་ལ་རྨ་དང་མཚན་ཤས་ཡོང་བ་དེར་ང་རང་གི་ངོས་ནས་བློ་འཚབས་ཆེན་པོ་ཡོད། འོ་ན་ངས་དེ་ཨུ་ཚུགས་བརྒྱབས་ནས་ག་རེ་བྱས་ནས་གོན་བསྡད་པ་རེད་ཟེར་ན། ཕྱོགས་གཅིག་ནས་ང་རང་གི་བླ་མ་ཚོ་ལ་ཁག་སྙད་པ་ནང་བཞིན་འདུག་སྟེ། ཡིན་ནའང་ངའི་བླ་མ་ཁ་ཤས་ཀྱིས་དེང་སང་སྟོན་པའི་བསྟན་པ་དེ་རྟགས་ཙམ་ཞིག་དར་བའི་དུས་ཚོད་ཡིན་དུས། རྟགས་ཙམ་དེ་ངེས་པར་དུ་མ་སྤངས་པ་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ཅེས་དམིགས་བསལ་གྱིས་ང་ལ་ཡང་ནས་ཡང་དུ་གསུངས་མྱོང་། སྔོན་བོད་ལའང་ཀརྨ་ཆགས་མེད་ལ་སོགས་པ་སྐྱེས་བུ་དམ་པ་མང་པོ་ཞིག་གིས་དེ་འདྲ་གསུང་སྲོལ་ཡོད་ས་རེད། ཀརྨ་ཆགས་མེད་ཀྱི་རི་ཆོས་ནང་རབ་བྱུང་གི་ཆོས་གོས་རྣམ་གསུམ་དང་། སེར་མོ་བའི་སེར་གོས་སྣེ་གསུམ་ཕན་ཡོན་དང་བཅས་པ་གསུངས་ཡོད་ས་རེད། ཁྱེད་ཀྱི་དྲི་བ་དེ་ཚོ་འདུལ་བའི་བསྟན་པ་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་ཐུགས་བརྩིས་གནང་བ་ཡིན་པ་ངས་ཧ་གོ་གི་ཡོད། དེ་ལ་དཔེ་མི་སྲིད་ཀྱི་རྗེས་སུ་ཡི་རང་ཡོད། འདུལ་བ་དེ་ཧ་ཅང་གི་གལ་ཆེན་པོ་བསྟན་པའི་གཞི་མ་རེད་དེ་ཡོད་པ་རེད། དམ་ཆོས་འདུལ་བའི་བསྟན་པ་དེ་ཉམས་འགྲོ་གི་འདུག་བསམ་པའི་སེམས་ཁྲལ་ཏན་ཏན་དགོས་ཀྱི་རེད། ད་དུང་ཡིན་ནའང་མུ་མཐུད་ནས་དགེ་ཚུལ་སློང་གི་བསྟན་པ་དེ་མི་ཉམས་པ་རྒྱུན་སྐྱོང་རྒྱུ་དང་སྐྱོང་སྟངས་དེ་ག་འདྲ་དགོས་ཀྱི་ཡོད་མེད་ཐུགས་བསམ་བཞེས་དགོས་ཡག་ཅིག་ཆགས་བསྡད་ཡོད་པ་རེད། དེ་ཡོང་བར་བྱེད་པ་ལ་བསྟན་འཛིན་གྱི་སྐྱེས་བུ་སུ་ཡིན་ནའང་རེད། དེའི་ནང་ནས་ཀྱང་འདུལ་འཛིན་གྱི་མཁན་པོ་དེ་ཚོས་བླང་དོར་གྱི་བཀའ་སློབ་དང་ལག་ལེན་ད་ལྟའི་བར་དུའང་གནང་དང་གནང་བཞིན་པ་རེད། ད་ནས་ཡིན་ནའང་མུ་མཐུད་ནས་གནང་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་བཀའ་སློབ་གནང་བ་ཙམ་མ་ཡིན་པར་དགེ་ཚུལ་སློང་གི་བསྟན་པ་མ་ཉམས་པའི་ཆེད་དུ་མཐུན་རྐྱེན་ཡང་གང་ས་ཅི་ཐད་ནས་སྒྲིག་གནང་རྒྱུ་གལ་ཆེན་པོ་ཞེ་དྲག་རེད། འདུལ་བའི་བསྟན་པ་དེ་མི་ཉམས་པར་སྲུང་སྐྱོབ་བྱེད་པ་དེ་འདུལ་འཛིན་གྱི་མཁན་པོ་རྣམས་ཀྱི་ཕྱག་འགན་ཙམ་མ་ཡིན་པར་སྤྱི་ཚོགས་ཀྱི་སྟེང་ནས་ཀྱང་མཐུན་རྐྱེན་སྒྲུབ་ཐུབ་ཀྱི་རེད་དྲན་གྱི་འདུག སྤྱི་ཚོགས་ཀྱི་བསམ་བློ་དང་གོམས་གཤིས་བསྒྱུར་བཅོས་བཏོང་བ་དེས་ཕན་ན་མ་གཏོགས་གནོད་མི་ཡོང་བསམ་གྱི་འདུག ཁ་ཤས་ཀྱིས་ཟེར་ན། དེང་སང་གནས་བརྟན་སྡེ་པའི་ལུགས་སྲོལ་དགེ་ཚུལ་སློང་གི་སྡོམ་པ་དེ་ཡིན་གཅིག་མིན་གཅིག་ཇི་སྲིད་འཚོའི་བར་དུ་བླངས་མི་དགོས་པ་དེ་ང་ཚོ་བོད་པས་ཉམས་ལེན་བསྟར་རྒྱུ་ཡོད་པ་བཟོ་ན་ཟེར་མཁན་དེ་འདྲ་ཐུག་མྱོང་། དེ་ཚོ་ག་འདྲ་ཡིན་ནའང་། བོད་པའི་སྤྱི་ཚོགས་ཀྱི་བསམ་བློ་གཏོང་སྟངས་དེ་ལ་འགྱུར་བ་གཏོང་ཐུབ་པ་ཡིན་ན་དེས་ཕན་ནུས་ཏོག་ཙམ་ཡོང་གི་རེད་བསམ་གྱི་འདུག དཔེ་ཞིག་བཞག་པ་ཡིན་ན། བོད་པའི་སྤྱི་ཚོགས་ནང་ལ་དགེ་ཚུལ་སློང་གི་སྡོམ་པ་ཉམས་སོང་བ་དེ་ལ་དམིགས་བསལ་གྱིས་སྡུག་པོར་བརྩིས། སྤྱིར་བཏང་སྡིག་པ་དང་ལྟུང་བ་ཡོད་མཁན་གང་ཟག་དེ་ལ་ང་རང་ཚོའི་སྤྱི་ཚོགས་ཀྱིས་སྡུག་པོ་བརྩིས་ན་མ་བརྩིས་ནའང་ལས་རྒྱུ་འབྲས་ཀྱི་སྒོ་ནས་སྐད་ཆ་བཤད་ན་སྡུག་པོ་ཡིན་པ་དེ་གོར་མ་ཆག་པ་དང་བཤད་མ་དགོས་པ་རེད། ཡིན་ནའང་ང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་དགེ་ཚུལ་སློང་ཉམས་སོང་བ་ཡིན་ན་གྲྭ་ལོག་ཟེར་ནས་སྡུག་པོ་པོ་ཞིག་ལ་བརྩིས། གྲྭ་པ་དཀྱུས་མ་ལྟ་ཅི་སྨོས། བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ཚོ་ཡང་དགེ་ཚུལ་སློང་གི་སྡོམ་པ་ཉམས་ཉེས་རེད་སོང་བ་ཡིན་ན་མཐའ་གཅིག་ཏུ་སྡུག་པོ་བརྩི་ཡག་གི་ལུགས་སྲོལ་ད་ལྟའི་བར་དུ་ཡོད་པ་རེད། ང་ཆུང་དུས་ཐར་རྩེ་མཁན་པོ་སྐུ་གོང་མའི་སློབ་མ་ཞིག་ཡོད། ཐར་རྩེ་མཁན་པོ་སྐུ་གོང་མའི་སྐུ་མདུན་ནས་ལམ་འབྲས་ཀྱང་ཞུས་ཡོད་པ་འདྲ། ཡིན་ནའང་ཕྱིས་སུ་ཐར་རྩེ་མཁན་པོ་སྐུ་གོང་མ་རྟེན་སྔགས་འཆང་གནང་ནས་དགེ་སློང་རེད་ཡོད་པ་མ་རེད། ཐར་རྩེ་མཁན་པོའི་སློབ་མ་གྲྭ་པ་དེ་ལོ་ཡང་རྒས་ཙམ་རེད། ཐར་རྩེ་མཁན་པོ་མཇལ་དུས་མཚན་ཡང་མཁན་རིན་པོ་ཆེ་ཞེས་མ་ཞུས་པར་ཁོ་གྲྭ་ལོག་དང་མི་སྐྱ་དེ་ཟེར་ནས་དཔེ་སྡུག་པོ་བརྩིས། དེ་འདྲ་བྱེད་ཀྱི་འདུག ང་ཚོས་དུས་རྒྱུན་བཤད་རྒྱུར་སོ་ཐར་བྱང་སེམས་གསང་སྔགས་གསུམ་གྱི་ནང་ནས་གསང་སྔགས་དེ་ཞེ་དྲག་གི་རྩ་ཆེན་པོ་བརྩི་ཡི་ཡོད་པ་རེད། དེ་ཡིན་དུས་ཁོང་འདྲ་ཞིག་གི་སྐུ་མདུན་ནས་ལམ་འབྲས་ཞུས་ཚར་བ་རེད་དེ། ཡིན་ནའང་གྲྭ་པ་ལོག་པ་དེ་ཞེ་དྲག་གི་གལ་ཆེ་བར་བརྩིས་ནས་གུས་བཀུར་མི་བྱེད་པ་དེ་སྔགས་ཀྱི་ཆོས་ཉམས་སུ་ལེན་མཁན་འདྲ་ཞིག་ཡིན་ན་རུང་གི་ཨེ་ཡོད། མཚམས་མཚམས་ལ་ང་ཚོས་བཤད་པའི་སྐབས་སུ་སྡོམ་པ་གསུམ་གྱི་ནང་ནས་རིག་འཛིན་སྔགས་ཀྱི་སྡོམ་པ་དེ་རྩ་ཆེན་པོ་རེད་ཅེས་བཤད་ཀྱི་ཡོད་པ་རེད་དེ། ཡིན་ནའང། གོམས་གཤིས་ཀྱི་སྟེང་ནས་དགེ་ཚུལ་སློང་གི་སྡོམ་པ་དེ་ཉམས་སོང་བ་ཡིན་ན་དེ་ཞེ་དྲག་གི་ཧ་ལས་པ་ཞིག་བརྩི་རྒྱུའི་ལུགས་སྲོལ་འདྲ་ཞིག་ཡོང་གི་འདུག སྤྱི་ཚོགས་ནང་ལ་དགེ་ཚུལ་སློང་གི་སྡོམ་པ་ཉམས་སོང་མཁན་དེ་ཚོ་ལ་གྲྭ་ལོག་རེད་ཟེར་ནས་ཐ་ཆད་པོ་ཆགས། ཁ་ཤས་གྲྭ་པ་ལོག་ཚར་བའི་རྗེས་ལ་མི་སྐྱ་རྐྱང་པ་བྱས། ཆོས་ཀྱི་བྱ་བ་གཏན་ནས་མི་བྱེད། ཆོས་པའང་མིན་མཁན་ཆགས་འགྲོ་བ་དེ་འདྲ་མང་པོ་འདུག དེ་འདྲ་རེད་པའི་རྐྱེན་གྱིས་སྤྱི་ཚོགས་ནང་ལ་སྤོབས་པ་མེད་མཁན། དྲང་པོ་བཤད་མི་ཐུབ་མཁན། འོན་ཀྱང་རང་རྒྱལ་ནི་ཡོད་བསྡད་མཁན། ཚེ་ཕྱི་མའི་སྐོར་ལ་ཞེ་དྲག་བསམ་བློ་མི་གཏོང་བར་ཚེ་ད་ལྟའི་སྙན་གྲགས་རྐྱང་པ་ལ་བསམ་བློ་བཏང་མཁན་གྱི་རིགས་དེ་ཚོས་སྡོམ་པ་ལ་ཉམས་རྒུད་ཤོར་ཡོད་ནའང་མི་ཁ་ལ་སྐྲག་ཅིང་འཛེམས་ནས་དངོས་སུ་ཕྱི་ལོགས་ལ་མ་བཤད་པར་ཆོས་གོས་རྣམ་གསུམ་གྱོན། གསོ་སྦྱོང་སོགས་ལའང་འཚོགས། དགེ་ཚུལ་སློང་གི་སྡོམ་པའང་འབོགས་དེ་འདྲ་བྱས་པ་དེ་ང་ཚོ་བོད་པའི་ནང་ལ་མེད་པ་རང་རེད་མི་འདུག སྤྱིར་བཏང་འདུལ་བའི་ནང་ལ་སྡོམ་པ་ཡར་འབུལ་བའི་ལུགས་སྲོལ་ཞིག་ཡོད་པ་དེ་ཕར་གསལ་བཤད་བྱས། གྲྭ་པ་ལོག་སོང་དུས་བྱ་དགའ་དང་གཟེངས་བསྟོད་ལ་སོགས་པ་མ་གནང་ནའང་། ངོ་ཚ་དམའ་འབེབས་ཧ་ཅང་གི་ཤུགས་ཆེན་པོ་མ་ཡིན་པ་དེ་འདྲ་གནང་བ་ཡིན་ན་ཕྱོགས་གཅིག་ནས་འདུལ་བའི་བསྟན་པ་དེ་ལ་རྨ་མེད་པ་ཞིག་ཆགས་སྲིད་ཀྱི་རེད་ཅེས་ང་རང་སྒེར་གྱིས་དེ་འདྲ་དྲན་གྱི་འདུག

ཡང་གོམས་གཤིས་སྐོར་ལ་སྐད་ཆ་ཞིག་ཞུས་པ་ཡིན་ན། སྔོན་མ་ང་བོད་ལ་འགྲོ་དུས་གྲྭ་པ་ཁ་ཤས་ཤིག་གིས་གྲྭ་རྒན་ཞིག་ཡོད་པ་ལ་མཛུབ་མོ་བཙུགས་ནས་ལྐོག་ཁ་གཏོང་གི་འདུག ཁོ་གྲྭ་པ་ཡག་པོ་ཡོད་པ་མ་རེད། ནག་མོ་ཡོད་རེད་ཅེས་ཁམས་སྐད་བརྒྱབས་ནས་བཤད་ཀྱི་འདུག བུ་མོ་ཡོད་ཟེར་གྱི་ཡོད་ས་རེད།ཡང་ཉིན་ཁ་ཤས་མཇུག་ལ་བླ་རྒན་གཞན་པ་ཞིག་ལ་ཁོ་དཔེ་འདྲ་ཞིག་ཡོད། བློ་ཁོག་ཆེན་པོ་ཡོད་པ་རེད། རྒྱ་གཉིས་གསུམ་བསད་པ་རེད་ཟེར་གྱི་འདུག དེ་གཉིས་ཀས་གྲྭ་ཆས་གོན་ནས་བསྡད་འདུག མཚམས་མཚམས་ལ་ང་ཚོའི་སྤྱི་ཚོགས་ཀྱི་ནང་ལ་མི་བསད་པ་དང་མི་ཚངས་པར་སྤྱོད་པ་གཉིས་ལས་མི་ཚངས་པར་སྤྱོད་པ་དེ་སྡུག་ག་ཅིག་དང་མི་བསད་པ་དེ་ཞེ་དྲག་རང་སྡུག་པོའི་གྲས་ལ་མ་སླེབས་པའི་གོམས་གཤིས་ཤིག་ཀྱང་སླེབས་ཡོང་གི་འདུག འདུལ་བའི་ལག་ལེན་ཞིབ་ཅིང་ཕྲ་བ་བྱས་ནས་སྐད་ཆ་བཤད་པ་ཡིན་ན་ཕལ་ཆེར་འོ་བརྒྱལ་པོ་མེད་འགྲོ་དྲན་གྱི་འདུག ཤོ་གམ་དང་འབྲེལ་བའི་ཉེས་པ་ཟེར་མཁན་འདྲ་དང་། ཚོགས་པ་གཅིག་གི་ཁོངས་སུ་གཏོགས་པ་ཡིན་ན་གཅིག་གིས་མི་བསད་ན་ཐམས་ཅད་སྡོམ་པ་ཉམས་འགྲོ་གི་རེད་ཟེར་བ་འདྲ་བོ་འདུལ་བའི་སྐད་ཆ་ཞིག་སླེབས་ཡོང་གི་ཡོད་པ་རེད། དེ་ཚོའི་སྐོར་ལ་ཞིབ་ཅིང་ཕྲ་བ་ཞིག་བྱ་དགོས་ན་དཔེ་དཀའ་ལས་ཁག་པོ་ཆགས་ཀྱི་རེད་དྲན་གྱི་འདུག ཡིན་ནའང་ང་རང་སྒེར་གྱི་སྤྱོད་པ་དང་ཆ་ལུགས་དེ་ཚོ་ཏན་ཏན་མ་འཚམས་པ་དང་མ་འོས་པ་དེ་འདྲ་རེད་ཀྱི་འདུག་ཅེས་སྐབས་མཚམས་དྲན་གྱི་ཡོད།

དྲི་བ། དེང་སང་གི་བླ་སྤྲུལ་ཞིག་གི་ནང་ནས་རིན་པོ་ཆེ་མཆོག་བློ་ཁོག་དང་སྤོབས་པ་ཡོད་མཁན་ཞིག་དང་། ཁ་གསང་པོ་དང་ཁ་རུ་ཁ་ཐུག་གནང་ཐུབ་མཁན་ཞིག་ཡིན་པའི་ཡིད་ཆེས་བྱེད་མཁན་ཡང་ཡོད་ངེས་རེད། དེའི་ངོས་ནས་ཁྱེད་ལ་མཚོན་ན། རང་ཉིད་ཀྱིས་ན་བཟའ་བཞེས་སྟངས་སོགས་ཐད་རང་ཉིད་ག་རེ་ཡིན་པ་དེ་ཁ་གསལ་གཏིང་གསལ་བྱ་རྒྱུ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་སྔགས་བཙུན་སྡེ་གཉིས་ཀྱི་ན་བཟའ་དེ་ལག་ལེན་གྱི་ཐོག་ནས་དབྱེ་མཚམས་གསལ་པོ་ཞིག་ཡོང་བའི་སྣེ་ཁྲིད་བྱ་རྒྱུའི་འཆར་གཞི་འདྲ་ཡོད་དམ།

ལན། བློ་ཁོག་ནི་གང་ཤེས། ཚུགས་བཟུང་མི་ཐུབ་མཁན་གྱི་མི་ཞིག་ནི་ཏན་ཏན་ཡིན། ག་ཚོད་གཟབ་གཟབ་བྱས་ནས་ཚུགས་བཟུང་ཨེ་ཐུབ་བལྟས་ནའང་བདུན་ཕྲག་གཅིག་གཉིས་ལས་གཏན་ནས་བཟུང་མི་ཐུབ་མཁན་ཞིག་ཡིན། སྤྱིར་བཏང་ཁྱོད་ཀྱིས་གསུངས་པ་ནང་བཞིན་དུས་རྒྱུན་ནང་བསྟན་གྱི་སྔགས་བཙུན་གཉིས་ཀྱི་དབར་ལ་དབྱེ་བ་གསལ་པོ་ཞིག་ཡོང་བའི་ཆེད་དུ་ངའི་གྱོན་པ་བསྒྱུར་བཅོས་བཏང་ནའང་བཏང་ཆོག་ཆོག་འདྲ་ཞིག་རེད། ཡིན་ནའང་དེས་དབྱེ་མཚམས་གསལ་པོ་ཡོང་རྒྱུའི་སྣེ་འཁྲིད་དེ་ཡོང་ཟེར་ན་དེ་ཁག་པོ་མེད་འགྲོ་བསམ་གྱི་འདུག རྒྱུ་མཚན་ད་ལྟ་གོང་དུ་ཞུས་པ་ནང་བཞིན། ཁ་ཤས་ཀྱི་ཟེར་གྱི་ཡོད་པ་རེད། གོས་དཀར་གྱོན་ནས་སྔགས་ཆས་རང་སྤྲད་ན་དེ་འདྲ་ལབ་མཁན་ཡང་ཡོད་པ་རེད། དངོས་གནས་བྱས་ན་སྔགས་ཆས་ནི་གྲྭ་ཆས་ལས་ཀྱང་ཚབས་ཆེ་བ་ཞིག་དང་རྩ་ཆེ་བ་ཞིག་རེད། གྲྭ་མགོ་མ་ཐོན་དུས་སྔགས་ཆས་གོན་ཟེར་བ་དེ་ཡང་རེ་ཞིག་བསམ་བློ་གཏོང་དགོས་པ་ཞིག་དང་དཔྱད་གཞི་ཞིག་རེད་འདུག་དྲན་གྱི་ཡོད། ཡིན་ནའང་ཁྱེད་ཀྱི་དྲི་བ་དེ་ལྷག་བསམ་གྱི་དྲི་བ་ཡིན་པ་དང་། ད་དུང་མུ་མཐུད་ནས་ང་ལ་བསམ་བློ་གཏོང་དགོས་པའི་གནས་ཚུལ་ཞིག་ཆགས་སོང་། དེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དྲི་བ། ཉེ་ཆར་བོད་ཀྱི་སྤྲུལ་སྐུ་ཞིག་དང་ཐའེ་ཝན་གྱི་གྲགས་སྐར་ཨ་ཡ་ཟེར་བ་གཉིས་གཉེན་སྒྲིག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པ་དང་དུས་མཚུངས། ཧོང་ཀོང་གི་གཞས་མ་ཞིག་གིས་མོ་རང་གི་ཕྲུ་གུའི་ཕ་རིན་པོ་ཆེ་ཞིག་ཡིན་ཞེས་པ་དེར། གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་རེད་ཅེས་ཚོད་དཔག་བྱེད་མྱོང་བའི་གསར་འགྱུར་རྙིང་པ་ཞིག་གི་ཐོག་ཡང་བསྐྱར་གླེང་སློང་བྱུང་བ་དེ་བོད་ཡིག་གི་བརྒྱུད་ལམ་དག་ཏུའང་ཐོན་ཡོད། གནས་ཚུལ་དེ་དང་རིན་པོ་ཆེ་འབྲེལ་བ་ཡོད་དམ།

ལན། ཧོང་ཀོང་གི་གཞས་མ་དེར་ང་ཐེངས་གཉིས་ཙམ་ཞིག་ཐུག་མྱོང་། ཐུག་འཕྲད་དེའང་མི་ཉིས་བརྒྱ་སུམ་བརྒྱ་ཡོད་པའི་མང་ཚོགས་ཀྱི་སྐབས་སུ་ཐུག་པ་རེད་མ་གཏོགས་སྒེར་དུ་དམིགས་བསལ་གྱིས་གང་ཡང་ཐུག་མ་མྱོང་། ལོ་གཅིག་ཙམ་གྱི་སྔོན་ལ་ང་དང་བོད་ཀྱི་བླ་སྤྲུལ་རེད་ཟེར་བའི་སྤྲུལ་སྐུ་གཞན་ཞིག་གི་མཚན་ཕར་ཚུར་ནོར་ནས་བཤད་རྒྱུ་གླེང་རྒྱུ་ཞིག་ཐོན་ཡོད་པ་རེད། གཞས་མ་དེས་བུ་དེ་ང་དང་སྤྲུལ་སྐུ་གཞན་པ་དེའི་རེད་ཅེས་དམིགས་བསལ་གྱིས་ལབ་ཡོད་ས་མ་རེད་ལ་མིན་ཡང་ལབ་ཡོད་ས་མ་རེད། གང་རེད་ཟེར་ན་གཞས་མ་དེ་ལོ་ཡང་རྒན་སོང་ཞིག་རེད། དེ་ཡིན་དུས་གནས་ཚུལ་དེ་འདྲའི་དབང་གིས་གསར་འགྱུར་དང་དྲྭ་རྒྱའི་ནང་ལ་ཐོན་རོགས་བྱས་ན་ཕྱོགས་གཅིག་ནས་གཞས་ཀྱི་ཚོང་སྤེལ་དེ་ཚོ་ལ་ཕན་གྱི་ཡོད་ས་རེད་ཅེས་བསམ་བློ་གཏོང་མཁན་ཡང་འདུག ངའི་མཉམ་དུ་དམིགས་བསལ་གྱིས་ཐུན་མོང་མ་ཡིན་པའི་འབྲེལ་བ་ནི་གང་ཡང་མེད། ཡིན་ནའང་དེའི་སྐོར་གནས་ཚུལ་དང་པོ་གླེང་ནས་ངའི་མིང་ཐོན་མ་ཐག་ཏུ་ང་ལ་དགའ་པོ་བྱེད་པའི་སློབ་མ་ཡིན་ཟེར་མཁན་དེ་ཚོས་ཧ་ཅང་གི་སེམས་ཁྲལ་བྱས་ཏེ། ལམ་སང་གདོང་ལེན་བྱས་ནས་ལན་རྒྱག་རྒྱུའི་འདོད་པ་འདུག་སྟེ་ཐམས་ཅད་བཀག་འགོག་བྱས་པ་ཡིན།

དྲི་བ། ཁྱེད་ཀྱིས་འགྲོ་སོང་དང་དུས་ཚོད་མང་པོ་ཞིག་བཏང་ནས་གློག་བརྙན་མང་པོ་བཟོ་བཞིན་ཡོད་པ་རེད། འདི་བོད་ཀྱི་བླ་མ་སྤྲུལ་སྐུ་ཆེན་པོ་ཞིག་གི་མཚན་གནས་དང་རྗེས་སུ་འབྲེལ་བའི་ལས་ཀ་ཞིག་ཆགས་ཀྱི་ཡོད་དམ།

ལན། སྤྱིར་བཏང་གློག་བརྙན་ཟེར་བ་དེ་རིག་པ་ཞིག་རེད། དཔེར་ན་སྒྲ་རིག་པ། ཚད་མ་རིག་པ། ཐ་སྙད་རིག་པ་ཟེར་བ་ནང་བཞིན་རིག་པ་ཞིག་རེད། རིག་པ་གསར་པ་ཞིག་རེད་ཟེར་ན་ཆོག་གི་ཡོད་ཀྱི་རེད། རིག་པ་ཟེར་བ་དེ་བེད་སྤྱོད་གཏོང་སྟངས་ཤིག་རེད། ཀུན་སློང་དང་དམིགས་ཡུལ་བསྟན་པ་དང་སེམས་ཅན་གྱི་ཕན་བདེ་ལྟ་བུ་ཞིག་ལ་དམིགས་ནས་སྙན་ངག་རྩོམ་པ་ལྟ་བུ་དང་། ཟློས་གར་འཁྲབ་སྟོན་བྱས་པ་ལྟ་བུ་དང། གླུ་གཞས་གཏོང་བ་འདྲ་བྱས་པ་ཡིན་ན་ཡག་པོ་ཡོང་སྲིད་ཀྱི་རེད། དེ་ནང་བཞིན་ཀུན་སློང་ཡག་པོ་ཞིག་གི་སྟེང་དུ་དམིགས་ཡུལ་ཡང་བསྟན་པ་དང་སེམས་ཅན་ལ་གང་ལ་གང་འཚམས་ལ་ཕན་ཐོགས་ཡོང་བའི་ཆེད་དུ་གློག་བརྙན་གྱི་རིག་པ་དེ་བེད་སྤྱོད་བྱེད་རྒྱུའི་གོ་སྐབས་དང་དུ་ལེན་ཐུབ་ན་ཡག་པོ་ཡིན་གྱི་རེད་བསམ་གྱི་ཡོད། སྔོན་མ་འདྲ་ཞིག་ཡིན་ན། ང་ཚོ་བོད་ལ་སྟོན་པའི་མཛད་རྣམ་ཟེར་བ་འདྲ་དང་། ཡི་དམ་གྱི་སྐོར་དེ་ཚོ་ཐང་ཀ་བྲིས་ཡོད་པ་རེད། དེ་ཡང་དུས་ཚོད་ལ་དཔག་པའི་གདུལ་བྱ་ཚོ་ལ་བརྡ་སྤྲོད་བྱེད་ཀྱི་རིག་པ་ཞིག་ཆགས་བསྡད་ཡོད་པ་རེད། ཡིན་ནའང་གསལ་བཤད་ཞུ་རྒྱུ་ཞིག་ལ། ངས་གློག་བརྙན་བཟོས་པ་དེ་ད་ལྟའི་བར་དུ་ཀུན་སློང་དང་ལྟ་བ་དམིགས་ཡུལ་ཡག་པོ་བྱས་ནས་བཟོས་པ་ཡིན་ཟེར་ནས་ཞུ་གི་མེད། མ་འོངས་པ་ལ་བསམ་པ་ལྟར་དུ་བསྒྲུབ་ཐུབ་པ་ཡིན་ན་བདག་ཅག་གི་སྟོན་པའི་མཛད་རྣམ་ཞིག་གློག་བརྙན་བཟོ་ཐུབ་ན་བསམ་པའི་རེ་བ་དང་སྨོན་ལམ་ཞིག་བརྒྱབས་དང་རྒྱག་བཞིན་པ་ཡིན། ད་སྔ་ཕན་ཆད་ལ་བཟོས་བཞག་པའི་གློག་བརྙན་གྱིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་ཡོད་པ་རེད་པས་ཟེར་ན་དངོས་སུ་ཕན་ཐོགས་རྒྱུའི་འཆར་གཞི་ཡང་བཏིང་ཡོད་པ་མ་རེད་ལ། ཕན་ཐོགས་པ་རེད་ཅེས་གང་ཡང་ཞུ་རྒྱུ་མེད། ཡིན་ནའང་ཤར་ནུབ་ཀྱི་རྒྱལ་ཁབ་ཚོའི་ནང་ལ་ན་གཞོན་མང་པོ་ཞིག་གིས་ཆོས་ལུགས་པ་ཟེར་དུས་མགོ་མཁྲེགས་པོ་དང་ཀླད་པ་རྙིང་པའི་གྲས་ལ་བཞག་ནས་རྒྱང་རྒྱང་ཞིག་བསྡད་ཡག་གི་གོམས་གཤིས་ཤིག་ཡོད་པ་རེད། ངས་གློག་བརྙན་བཟོས་ཚར་བའི་རྗེས་ལ་ན་གཞོན་མང་པོ་ཞིག་ཧ་ལས་ཧོན་འཐོར། ནང་ཆོས་དེ་ཞེ་དྲག་གི་གུ་ཡངས་པོ་ཡིན་པ་དང་། དེ་འདྲ་ལག་ལེན་བསྟར་རྒྱུ་ཡོད་པ་ལ་རྗེས་སུ་ཡི་རང་ནས། ནང་ཆོས་ལ་རྗེས་སུ་མ་ཞུགས་ནའང་དགའ་པོ་ཆགས་པ་དེ་འདྲ་ནི་དངོས་སུ་བྱུང་སོང་། དེའང་ཕན་ཐོགས་ཀྱི་གྲས་ལ་བརྩི་ན་བརྩི་རུང་རྒྱུ་རེད་དྲན་གྱི་ཡོད།།

ལགས་སོ། མཐར་རིན་པོ་ཆེས་ཕྲན་གྱི་གཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ་ཞུ།

གསལ་བཤད། གཅར་འདྲི་འདི་ཡང་། རིན་པོ་ཆེའི་མཛད་སྤྱོད་གཟིགས་ཕྱོགས་སྐོར་ལ་བཀའ་ལན་ཁ གསལ་དོན་གསལ་གནང་བ་དབྱིན་ཡིག་དང་རྒྱ་ཡིག་གི་བརྒྱུད་ལམ་ཁག་ཏུ་མང་པོ་མཆིས་ན་ཡང་། བོད་ཡིག་གི་ཐོག་ཏུ་རིན་པོ་ཆེ་དང་བར་ཐག་ཉེ་བར་གཅར་ནས་གསར་འགོད་པའི་དྲི་བ་གཏོང་སྟངས་རང་གིས་རིན་པོ་ཆེ་སྒེར་གྱི་སྐོར་ལ་གཅར་འདྲི་བྱས་པ་ཉུང་ངུ་ལས་མེད་པ་དང། ཁྐཡད་པར་དུ། རིན་པོ་ཆེ་ལ་དགའ་མོས་ཡོད་མཁན་དང་སྤྱིར་བཏང་གི་མི་མང་པོ་ཞིག་གིས་རིན་པོ་ཆེའི་དམིགས་བསལ་གྱི་གནང་སྟངས་མང་པོ་ཞིག་གི་ཐོག་ལ་མཁྱེན་རྟོགས་གནང་འདོད་ཡོང་བཞིན་པ་དེ་དག་ལ་དྲིས་ལན་ཁ་གསལ་ཞིག་ཡོང་བའི་ཆེད་ད་སྣང་དང་འཚེར་སྣང་བསྐྱུར་ཏེ། གུས་ལུགས་དང་ཞེ་ས་སོགས་མ་སྤྱད་པའི་ཐོག་ནས་རིན་པོ་ཆེར་ཐད་དྲི་བ་འདི་དག་དྲིས་ཞིང་། ཉེ་ཆར་རིན་པོ་ཆེ་ཁ་ན་ཊ་སོགས་སུ་བཞུགས་བཞིན་པའི་སྐབས་དང་བསྟུན་ནས་མཛད་བྲེལ་གྱི་བར་གསེང་དག་ནས་དྲིས་ལན་གནང་བར་ཕྲན་གྱིས་ཚིག་དོན་གྱི་ཆ་རེ་རེ་ནས་ཀློག་པ་པོ་ཚོས་གོ་བ་ལོན་མིན་སོགས་གསལ་ཁ་གཏོད་དགོས་པའི་རིགས་ལ་དམིགས་བསལ་བསྐྱར་འདྲི་དང་བཅས་གོ་བསྡུར་ཞུས་ཞིང་དག་པར་གཏན་ལ་ཕབ་པ་ཡིན།

སྤྱི་ལོ་2015ཟླ་6ཚེས་29ཉིན། རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཐའེ་ཝན་གྱི་རང་གནས་ཡེ་ཤེས་འཁོར་ལོ་རུ།

Share this:
༣༦ ཀློག་གྲངས།