སྟོབས་ཤུགས་ལྔ་དགོས་གལ་ཆེན་པོ་རེད།

སྐབས་དེར་མཁས་དབང་བློ་བཟང་སེང་གེ་ལགས་ཀྱིས་གསུང་དོན། ངས་སྐད་ཆ་བཤད་དོན་དང་དཔྱད་བརྗོད་བྱེད་དོན་གཙོ་བོ་དེ་འཐབ་རྩོད་གཞན་དང་བསྡུར་ནས། ང་ཚོའི་འཐབ་རྩོད་དེ་གང་དུ་སྦྱར་ཡོད་མེད་ཀྱི་ཐད་ལ་ཡིན། དེ་ཡང་རང་བཙན་དང་ལམ་དབུ་མའི་དགོངས་དོན། ཡང་ན་ཆེས་མཐོའི་རང་སྲིད་རང་སྐྱོང། བདེན་པའི་ཨུ་ཚུགས་སོགས་ཀྱི་དགོས་དོན་གང་ཡིན་རུང་ལམ་ལྷོང་ཡོང་བར་ངེས་པར་དུ་ནུས་སྟོབས་ལྔ་དགོས་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་ཡང་དང་པོ་དེ་མིའི་ནུས་སྟོབས་དང༌། གཉིས་པ་དངུལ་གྱི་ནུས་སྟོབས། གསུམ་པ་དམག་དཔུང་གི་ནུས་སྟོབས། བཞི་པ་ཆབ་སྲིད་ཀྱི་ནུས་སྟོབས། ལྔ་པ་ཤེས་ཡོན་གྱི་ནུས་སྟོབས་བཅས་རེད།
དེ་ཡང་དང་པོ་མིའི་ནུས་སྟོབས་བཤད་པ་ལ་ང་ཚོས་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་ལྟ་དགོས་ཀྱི་ཡོད། ལོ་གྲངས་མང་པོའི་སྔོན་དུ་ཧྥི་ལིན་ཕིང་གི་སྲིད་འཛིན་ཨེ་སི་ཐི་རོ་ཌ་ཁོང་གིས་མདུན་བསྐྱོད་བྱས་པའི་སྐབས། ཁོང་གིས་སྤྱི་ཚོགས་རང་གི་སྟེང་ནས་གཞུང་དང་ཡང་ན་ཚོགས་པ། དཔོན་རིགས། མི་སེར་དཀྱུས་མ་སུ་ཡིན་རུང་འགན་ལེན་བྱས་པ་དེ་མིའི་ནུས་སྟོབས་གཅིག་རེད། མིའི་ནུས་སྟོབས་ཟེར་བ་ཚོགས་པ་གང་ཡིན་རུང་མྀ་མང་གྲངས་འབོར་མང་ཤོས་ཕྱོགས་གཅིག་ལ་ལངས་ནས། དམངས་ལ་གཉའ་གནོན་གཏོང་མཁན་གཞུང་ཡིན་ནའང་རེད། ཡང་ན་དེ་ལས་གཞན་པ་གང་ཡིན་རུང་མང་ཤོས་ཟླ་བསྒྲིལ་ནས་ངོ་རྒོལ་བྱེད་རྒྱུ་དེ་རེད། ཡང་མིའི་ནུས་སྟོབས་ཡོང་བར་ཕྱོགས་གཞན་པ་གཅིག་ནི། རང་ཉིད་ལ་ནུས་པ་མེད་རུང་རང་གི་གནས་བབས་དང་མཚུངས་པའི་འཛམ་གླིང་གི་རྒྱལ་ཁབ་གཞན་ནས་རོགས་པ་འཚོལ་རྒྱུ་དེ་རེད། དཔེར་ན། ཨ་ཧྥི་རི་ཁའི་ནང་ལ་འཐབ་རྩོད་སྐབས་མི་ས་ཡ་མང་པོའི་རོགས་པ་བཙལ་ནས་ལས་དོན་ལམ་ལྷོང་བྱུང་ཡོད་པ་དང༌། དེ་བཞིན་པཱ་ལི་སི་ཐན་གྱིས་ཁ་ཆེའི་རྒྱལ་ཁབ་ཨ་རབ་ནས་རོགས་པ་བཙལ་ཡོད་པ་དང༌། ཨར་མི་ནིན་གྱིས་ཨ་རི་ནས་རོགས་པ་བཙལ་ཡོད་པ་སོགས་གནས་སྟངས་དེ་འདྲ་ཆགས་ཡོད་པ་རེད།
malkar  lobsang 2བོད་ཀྱི་མིའི་ནུས་སྟོབས་ལ་ཆ་མཚོན་ན། སྤྱིའི་ཆ་ནས་འཛམ་གླིང་འདིའི་སྒང་ལ་ནང་པ་ས་ཡ་༥༠༠ ཙམ་ཡོད་པ་དང། དེའི་ནང་ནས་རྒྱ་རིགས་ནང་པ་ས་ཡ་༢༠༠ ལྷག་ཡོད་པ་རེད། དེ་མིན་ཉི་ཧོང་དང། སིངྒ་པུར། ཀོ་རི་ཡ། ལའོ་སི། ཤྲི་ལངྒ༌། ཐེའ་ལན་ཌི། ཝི་ཊི་ནམ། སོག་པོ། འབྲུག་པ། འབར་མ་སོགས་རེད། དེའི་ནང་ཀོ་རི་ཡ་དང་འབར་མ་སོགས་མང་པོ་ཞིག་ལ་དམག་འཁྲུག་དང་དམར་ཕྱོགས་ཚོགས་པའི་དབང་བསྒྱུར་ཤུགས་ཆེ་ཡོད་ཅིང༌། རྒྱལ་ཁབ་དེ་དག་གི་ནང་སོག་པོ་དང་འབྲུག་པ་གཉིས་ཧི་མ་ལ་ཡའི་རྒྱུད་པའི་ནང་པ་ཡིན་པས། བོད་པའི་ནང་ཆོས་དང་ཉེ་པོ་ཡོད་པ་དང༌། ཁོང་ཚོས་བོད་ཀྱི་གནད་དོན་ཐད་ལ་སེམས་འཚབ་བྱེད་ཀྱི་ཡོད་པ་རེད། དེ་ཡང་སེམས་འཚབ་དང་བསམ་ཚུལ་བརྗེ་རེས་ཙམ་ལས། དོན་དངོས་ཐོག་རང་ཉིད་ཀྱི་དཔོན་རིགས་ལ་བསྟུན་དགོས་ཀྱི་ཡོད་པས་བོད་ལ་དེ་ཙམ་ནུས་པ་འདོན་ཐུབ་ཀྱི་ཡོད་མ་རེད།    བོད་པ་རང་ཉིད་གཅིག་པུའི་ངོས་ནས་ལོ་སྔོན་མ་བོད་ས་ཡོངས་རྫོགས་ནས་འབྲོག་པ་དང༌། ཞིང་པ། བོད་མི་རྒན་གཞོན་མེད་པར་མི་མང་སྒེར་ལངས་ཆེན་མོའི་ནང་འཛུལ་ཞུགས་བྱས་པ་རེད། ཡིན་ནའང་འདིས་ག་རེ་བསྟན་ཡོད་རེད་ཟེར་ན་ད་དུང་ཡང་མིའི་གྲངས་འབོར་གྱི་ཆ་ནས་ནུས་སྟོབས་ཀྱིས་འདང་ཐུབ་ཀྱི་མེད་པའི་སེམས་འཚབ་ཡོང་གི་ཡོད་པ་རེད། ཧྥི་ལིན་ཕིང་སོགས་ཀྱིས་རྔམ་སྟོན་ཁྲོམ་སྐོར་བྱེད་མྱོང་བ་ལྟར་ང་ཚོས་ཀྱང་དེ་རང་བྱས་པ་རེད།
གཉིས་པ་དངུལ་གྱི་ནུས་སྟོབས་ཀྱི་ཆ་ནས་བརྗོད་ན་པཱ་ལི་སི་ཐན་གྱི་ལོ་རྒྱུས་ལ་སླར་ཡང་ཕྱིར་མིག་གཅིག་བལྟ་དགོས་པ་རེད། གཤེགས་ཟིན་པའི་སྲིད་འཛིན་ཨ་ར་ཧྥ་ཐི་ཁོ་རང་གིས་སྣུམ་གྱི་གཏེར་ཁ་འཛོམས་པའི་ཁ་ཆེའི་རྒྱལ་ཁབ་ཨ་རབ་དང་ཁིའུ་ཊི་སོགས་ལ་ཕྱིན་ནས་དངུལ་གྱི་ནུས་སྟོབས་སྤེལ་ཡོད་པ་དང༌། དེ་བཞིན་པཱ་ལི་སི་ཐན་གྱི་ཁ་གཏད་ཨི་ཛི་རལ་ལ་ཨ་རིས་དངུལ་ཐེར་འབུམ་༣ ཙམ་བཏང་ཡོད་པ་རེད། ད་དུང་བལ་ཡུལ་དང་འབྲུག་སོགས་ལའང་ཕྱོགས་གང་ཐད་ནས་དངུལ་གྱི་ནུས་སྟོབས་སྤེལ་བའི་ཆ་རྐྱེན་ཡོང་གི་ཡོད་རེད།
ང་ཚོ་བོད་པའི་དངུལ་གྱི་ནུས་སྟོབས་ཀྱིས་ཆབ་སྲིད་ལས་དོན་སོགས་ལ་ཞལ་འདེབས་གང་ཞུ་ཐུབ་མིན་ལ་ཆ་མཚོན་ན། ལག་དེབ་ལྗང་ཁུའི་དཔྱ་ཁྲལ་ཕུལ་ནས་འཛིན་སྐྱོང་གི་འགྲོ་སོང་བརྒྱ་ཆ་༣༥ ཙམ་ལོང་གི་ཡོད་པ་དང༌། བོད་པའི་ཆབ་སྲིད་ཀྱི་ལས་འགུལ་ནང་བལ་ཡུལ་ཕྱོགས་ནས་བོད་ལུགས་ཀྱི་གདན་འཐག་ནས་དངོལ་གྱི་ནུས་སྟོབས་ཅུང་ཟད་མཐོ་བ་ཡོང་གི་ཡོད་པ་རེད། ཡིན་ནའང་ལོ་སྔོན་མར་བལ་ཡུལ་དུ་བོད་མི་ཚོས་དངུལ་བསྡུས་ནས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། བལ་ཡུལ་གཞུང་ངོས་ནས་དམ་དྲགས་ཤུགས་ཆེར་བྱས་ཡོད་པ་དང༌། སྤྱིར་ཤ་ཡའི་ནང་པའི་རྒྱལ་ཁབ་མང་པོར་རྒྱ་ནག་གི་སྟངས་འཛིན་ཡོད་པ་དང། དེའི་ནང་ནས་བལ་ཡུལ་དུ་རྒྱ་ནག་གི་དབང་ཤུགས་དེ་ལས་ཤུགས་ཆེན་པོ་ཡོང་གི་ཡོད་པ་རེད། དེ་བཞིན་ཨ་རིའི་ནང་དུ་ལོ་སྔོན་མའི་ངོ་རྒོལ་སྐབས་དངུལ་གྱི་ཞལ་འདེབས་ཕུལ་ནས་ཨ་སྒོར་ས་ཡ་བརྒལ་བ་ཡོང་ཡོད་པ་དང༌། དེའི་ནང་བརྒྱ་ཆ་༢༥ ཙམ་ཨ་རིའི་ནང་ཡོད་པའི་བོད་པ་ཚོས་ཕུལ་ཡོད་པ་རེད།    གལ་སྲིད་གློ་བུར་དུ་ལས་འགུལ་སྤེལ་དགོས་པ་དང༌། ཡང་ན་དེ་མིན་ཚང་མས་དོ་སྣང་ཡོང་བའི་ལས་འགུལ་ཞིག་སྤེལ་དགོས་ན་དངུལ་གྱི་ཐེབས་རྩ་དགོས་པ་དང༌། ང་ཚོ་བོད་པའི་ངོས་ནས་ལས་འགུལ་སོགས་དངུལ་གྱི་ནུས་སྟོབས་ལ་སེམས་ཁུར་བྱེད་དགོས་པ་དེ་དག་རེད།
གསུམ་པ་དམག་དཔུང་གི་ནུས་སྟོབས་ལ་ཆ་མཚོན་ན་པཱ་ལི་སི་ཐན་དང། ཤྲི་ལངྒའི་དམག་དཔུང་གི་ནུས་ཤུགས་སོགས་རེད། ཡིན་ནའང་ཤར་ཏུར་ཀི་སི་ཐན་དང་བོད་པས་འཚེ་མེད་ཞི་བའི་ཐོག་ནས་ལས་འགུལ་སྤེལ་གྱི་ཡོད་པ་རེད། སྔོན་མ་ཤི་རི་ལངྒའི་སྐུ་ཚབ་དྷ་སར་འབྱོར་བ་དང། སྐབས་དེར་ཤི་རི་ལངྒ་དང་པཱ་ལི་སི་ཐན་ནས་ཡིན་པའི་མི་གཉིས་ཀྱིས་བོད་པའི་ངོ་རྒོལ་བྱེད་སྟངས་ལ་དཔེ་བལྟས་ནས། འཐབ་རྩོད་རྒྱུན་སྐྱོང་བྱེད་ཐུབ་ན་ཡག་པོ་འདུག་ཅེས་ཕན་ཚུན་གྲོས་བསྡུར་བྱས་པའི་ལོ་རྒྱུས་ཡོད་རེད། དོན་དངོས་ཐོག་ང་ཚོ་འཚེ་མེད་ཞི་བར་ཡིད་ཆེས་བྱས་ནས་འགྲོ་མཁན་ཞིག་ཡིན་པའི་ངོས་ནས། མི་དེ་དག་གི་སྐད་ཆ་ལ་ངོ་མཚར་སྐྱེས་དགོས་པ་གང་ཡང་ཡོད་མ་རེད། ང་རྒྱལ་ཁབ་མང་པོའི་སྐུ་ཚབ་འཛོམས་སའི་བགྲོ་གླེང་དེ་འདྲར་འཛུལ་ཞུགས་བྱེད་སྐབས་དེ་འདྲའི་རིགས་སྐད་ཆ་འདྲི་མཁན་མང་པོ་ཡོང་གི་ཡོད་པ་རེད། དེ་ཚོ་ནི་ང་ཚོ་བོད་པའི་ཀུན་སྤྱོད་འཁྱེར་སྟངས་ཀྱི་ཆ་ནས་སྤོབས་པ་སྐྱེ་དགོས་པའི་གནས་སྟངས་ཤིག་རེད།
བཞི་པ་ཆབ་སྲིད་ཀྱི་ནུས་སྟོབས་སྐོར་རེད། སྤྱིར་རྒྱ་ནག་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་ཁག་རྣམས་བོད་དང་བསྡུར་ན། བོད་ནང་ཧ་ཅང་གཏོར་བཤིག་དང་རྒྱ་ནག་གི་དབང་འཛིན་གྱི་ནུས་ཤུགས་ཆེ་བ་ཡོང་གི་ཡོད་པ་རེད། དཔེར་ན། རྒྱ་ནག་གིས་འབོད་པའི་ཤིན་ཅང་ལྟ་བུ་ཡིན་ན་རིག་གནས་གསར་བརྗེའི་རྗེས་ནས་གཞུང་གི་འཛིན་སྐྱོང་དང༌། དེ་མིན་གྱི་ལས་དོན་ཁག་ལ་རང་ཉིད་ཀྱི་སྐད་ཡིག་དང་རང་མི་རིགས་ཀྱི་ནུས་སྟོབས་འོག་ནས་ཤུགས་ཆེན་པོ་འགྲོ་ཡི་ཡོད་རེད། དེ་བཞིན་གྲངས་ཉུང་མི་རིགས་གཞན་པ་ནས་ཧ་ཅང་སློབ་སྦྱོང་མཐོན་པོ་དང༌། ཆབ་སྲིད་ཀྱི་བསམ་བློའི་ཚད་གཞི་ངེས་ཅན་འཛིན་ཐུབ་མཁན་མང་པོ་ཡོང་གི་ཡོད་རེད། བོད་ནང་གི་བོད་པའི་གནས་སྟངས་གཅིག་དེ་འདྲ་ཆགས་ཀྱི་ཡོད་རེད། བཙན་བྱོལ་ནང་ང་ཚོ་ཁྲིམས་མཐུན་གྱི་ཐོག་ནས་བོད་རྒྱ་ཆེའི་མི་མང་གི་ངོ་ཚབ་ཡིན་བརྗོད་ཀྱི་ཡོད་པ་བཞིན། འདིར་གཞུང་གི་ངོ་བོའི་ཆ་ནས་མང་གཙོའི་ལམ་སྲོལ་ཐོག་འགྲོ་ཡི་ཡོད། དཔེར་ན། མི་མང་གིས་ཁ་ཐུག་བཀའ་བློན་ཁྲི་པ་འོས་འདེམས་བྱས་པ་དང༌། དེ་བཞིན་ཁྲིམ་བཟོ་ལྷན་ཚོགས་རེད་མང་གཙོའི་ངོ་བོ་ཡོངས་སུ་ཚང་ཡོད་ཟེར་ནས་བརྗོད་མི་ཐུབ་ཀྱང། བསྒྱུར་བཅོས་གཏོང་གིན་གཏོང་གིན་ད་ལྟའི་ཆར་གང་འཚམས་ལ་སླེབས་ཡོད་པ་རེད་དྲན་གྱི་འདུག དེ་དག་ནི་རིམ་པས་ཡོང་བསྡད་པའི་ཆབ་སྲིད་ཀྱི་ནུས་སྟོབས་རེད་ཅེས་བརྗོད་ཆོག་པ་ཞིག་རེད།
ཤེས་ཡོན་གྱི་ནུས་སྟོབས་སྐོར་བརྗོད་པའི་སྐབས་འཛམ་གླིང་འདིའི་རྒྱལ་ཁབ་མང་པོར་ལམ་ལྷོང་བྱུང་བའི་གནས་བབས་ལ་གཞིགས་ཚེ། ཨ་ཧྥི་རི་ཁ་དང༌། ཧྥི་ལིན་ཕིང༌། ཨར་མིན་ནིན། རྒྱ་གར། ཨི་སི་ཊི་མོ་སོགས་རྒྱལ་ཁབ་ཁག་གི་གསར་བརྗེར་རྒྱབ་རྩ་བྱེད་མཁན་ཚོ་ཤེས་ཡོན་གྱི་ནུས་སྟོབས་ལྡན་པའི་མཁས་དབང་ཤ་སྟག་རེད། དཔེར་ན། འཐབ་རྩོད་པ་ནེ་རོ་དང་གྷན་ངྷི། ནེ་སི་མན་ཌིན་ལ་སོགས་ནི་ཁྲིམས་རྩོད་པ་རེད། དེ་བཞིན་ཨི་སི་ཊི་མོ་སོགས་ཀྱི་འཐབ་རྩོད་པ་མང་པོ་མཁས་དབང་ཆགས་ཀྱི་ཡོད་པ་རེད། ཤེས་ཡོན་ཅན་དེ་དག་གི་རྒྱབ་རྩ་མེད་ན་ལས་དོན་ལམ་ལྷོང་ཡོང་བར་དཀའ་ལས་ཁག་པོ་རེད་བསམ་གྱི་འདུག
བོད་པར་ཆ་མཚོན་ན་མཁས་དབང་དང་རིགས་གཅིག་རྐང་འཛིན་སོགས་ཧ་ཅང་ཉུང་ཉུང་རེད། ཉེ་སྔོན་རི་བྷེ་ཡ་ཁེ་ཌར་སོགས་ཀྱི་སྐོར་ལ་གསར་ལམ་ཁག་ནས་དཔྱད་གཏམ་བརྒྱ་ཕྲག་མང་པོ་བཏོན་པའི་ནང་ནས་བོད་པ་རེ་གཉིས་ལས་མཐོང་རྒྱུ་ཡོད་མ་རེད། མང་ཆེ་ཤོས་ནི་ཕྱི་གླིང་པ་རྐྱང་རྐྱང་ཆགས་ཡོད་པ་རེད། བོད་མིའི་ངོས་ནས་ཤེས་ཡོན་གྱི་ཐོག་ནས་རང་ཉིད་ཀྱི་ཚོར་སྣང་སྟོན་ཐུབ་ཀྱི་ཡོད་མ་རེད། ཡང་གསར་འགོད་པ་དང༌། མཁས་དབང༌། བོད་དོན་རྒྱབ་སྐྱོར་བ། སྤྱི་ཚོགས་དཔྱད་གཏམ་པ་ཚོས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་ཞེ་དྲག་གནང་གི་ཡོད་ཀྱང༌། བོད་པ་རང་ཉིད་ཀྱི་བསམ་བློའི་ཐོག་ནས་ངག་གི་སྒྲ་ཐོན་པའི་རིགས་ཉུང་ཉུང་ཆགས་ཀྱི་ཡོད་རེད། དེ་བཞིན་བོད་པའི་སྐོར་གྱི་དཔེ་དེབ་མང་པོ་ཞིག་ཕྱི་གླིང་པའི་ནང་ནས་ཡོང་གི་ཡོད་པས། ང་ཚོའི་ངོས་ནས་ཤེས་ཡོན་ནུས་སྟོབས་ཀྱི་ལས་དོན་ངེས་པར་དུ་བསྒྲུབ་དགོས་ཀྱི་ཡོད་པ་རེད། ཡང་མཚམས་རེར་ང་ཚོ་འབར་མ་དང༌། ཝི་ཊི་ནམ། ཨི་རིན་སྐྱབས་བཅོལ་གཞུང༌། ཡུ་གུར་སོགས་དང་བསྡུར་ན་ཅུང་ཟད་དྲག་གྲས་རེད། ལས་དོན་ལམ་ལྷོང་བྱུང་ཟིན་པའི་གནས་སྟངས་དང་བསྡུར་ན་ང་ཚོ་མཐའ་མཇུག་ཏུ་གནས་ཡོད་པ་རེད། གང་ལྟར་དྲག་གྲས་དང་བསྡུར་ན་སྐྱོ་པོ་དང་སྐྱོ་གྲས་དང་བསྡུར་ན་དྲག་གྲས་ཆགས་ཡོད་པའི་གནས་སྟངས་ཤིག་རེད། ཤེས་ཡོན་གྱི་ནུས་སྟོབས་ག་ཚོད་ཡོང་ཐུབ་ན་དཔལ་འབྱོར་གྱི་ནུས་སྟོབས་ཡོང་གི་ཡོད་པ་དང༌། དེ་ནས་ཆབ་སྲིད་ཀྱི་ནུས་སྟོབས་སོགས་འཛོམས་ནས་མཐར་རང་ཉིད་ཀྱི་དགོས་འདུན། རང་སྲིད་རང་སྐྱོང་ཡིན་ན། རང་བཙན་ཡིན་ན། བདེན་པའི་ཨུ་ཚུགས་ཡིན་ན་ཚང་མ་འགྲུབ་ཐུབ་ཀྱི་རེད་བསམ་གྱི་འདུག་ཅེས་གསུངས་ཡོད་པ་རེད།།

Share this:
༣༩ ཀློག་གྲངས།