བྱུང་རིམ་དེ་དག་ཚབས་ཆེ་ཞིག་ཏུ་མཐོང་གི་མེད།

བཀའ་ཁྲི། མང་གཙོའི་གྲོས་ཚོགས་སུ་གྲུབ་ཆ་མ་ལོངས་པའི་གནས་ཚུལ་ཡང་ཡང་ཡོང་སྲིད་པ་ཞིག་ཡིན་པས་ཧ་ལས་དགོས་དོན་མ་མཐོང་ཞིང༌། འདིའི་སྐོར་ང་ལ་དམིགས་བསལ་བསམ་ཚུལ་གང་ཡང་མེད།

བོད་མིའི་རང་དབང༌། གསར་ཤོག་ཁག་ཏུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བྱུང་རིམ་འདི་ལ་བརྟེན་ནས་སྐབས་བཅུ་བཞི་པའི་སྤྱི་ལྷན་ཕྱིར་བསྡུ་འགྲོ་སྲིད་ཚུལ་བཀའ་གནང་འདུག་ན་དེ་ལ་བཀའ་ཁྲི་མཆོག་གི་གཟིགས་ཚུལ་གང་ཡོད་དམ།

བཀའ་ཁྲི། ངས་དེ་འདྲ་བཀའ་གནང་བ་མཇལ་མ་བྱུང་ཡང༌། དཔལ་ལྡན་ཚོགས་གཙོ་མཆོག་གིས་དེ་ལྟར་བཀའ་གནང་ཡོད་ན་དེ་ལ་རྒྱབ་ལྗོངས་དང་རྒྱུ་མཚན་ཞིག་ཡོད་ཤག་ལས་ངས་འགྲེལ་བརྗོད་ཞུ་རྒྱུ་གང་ཡང་མེད། ང་རང་གིས་བྱུང་རིམ་དེ་དག་ཚབས་ཆེ་ཞིག་ཏུ་མཐོང་གི་མེད།

བོད་མིའི་རང་དབང༌། ད་ལན་གྱི་གླེང་གཞི་སྤྱི་འཐུས་སྒེར་གྱི་གྲོས་འཆར་ཞིག་ལ་བརྟེན་ནས་བྱུང་བ་ཡིན་སྟབས། གྲོས་འཆར་དེའི་སྐོར་བཀའ་ཁྲི་མཆོག་གི་དགོངས་ཚུལ་གང་ཡོད་དམ།

བཀའ་ཁྲི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་ཁག་གི་འོག་སྤྱི་འཐུས་སྒེར་ལ་གྲོས་འཆར་འདོན་རྒྱུའི་ཐོབ་ཐང་ཡོད་པ་དང༌། ཚོགས་གཙོས་གྲོས་འཆར་འདོན་རྒྱུའི་བཀའ་འཁྲོལ་བསྩལ་ཏེ་གྲོས་ཚོགས་ལས་རིམ་དུ་འཁོད་པ་མ་ཟད། གྲོས་ཚོགས་ནང་དུའང་མང་མོས་ཀྱིས་ཚུད་ཟིན་པའི་གྲོས་འཆར་ཞིག་ཡིན་སྟབས། ང་དང་བཀའ་ཤག་ལ་བསམ་ཚུལ་གང་ཡང་ཡོང་གཞི་མེད། ལར་ནས་གྲོས་འཆར་ཐོག་བགྲོ་གླེང་འགྲོ་བཞིན་པ་ཡིན་སྟབས་བསམ་ཚུལ་ཡོད་ན་གྲོས་ཚོགས་སུ་ཞུ་རྒྱུའི་གོ་སྐབས་འཐོབ་ངེས་ཡིན་པས་ད་ལྟ་བརྒྱུད་ལམ་ཐོག་བཤད་དགོས་མ་མཆིས།

བོད་མིའི་རང་དབང༌། གླེང་གཞིའི་བྱུང་རྐྱེན་ཆོལ་ཁའི་སྤྱི་འཐུས་བྱེ་བྲག་པ་ཞིག་བཞུགས་ཡུལ་ཕྱི་རྒྱལ་དུ་གནས་སྤོས་ཟིན་པ་ལ་སྤྱི་འཐུས་རྒྱུན་ལས་ནས་སྔར་ལམ་དང་མི་འདྲ་བར་གྲོས་ཚོགས་སུ་ཚོགས་ཞུགས་ཆེད་ལམ་གྲོན་གནང་རྒྱུའི་ཐག་གཅོད་གནང་བ་དེར་བཀའ་ཁྲི་མཆོག་གི་དགོངས་ཚུལ་གང་ཡོད་དམ།

བཀའ་ཁྲི། སྤྱི་འཐུས་བྱེ་བྲག་པར་ཚོགས་ཞུགས་ཆེད་ལམ་གྲོན་གནང་དང་མི་གནང་ལ་བསམ་ཚུལ་གང་ཡང་མེད་ཀྱང༌། ད་རེས་ཐག་གཅོད་གནང་ཕྱོགས་ཀྱི་ལས་རིམ་ཚུལ་མཐུན་མ་བྱུང་བ་དེ་ལ་བསམ་ཚུལ་ཤུགས་ཆེ་ཡོད། གང་ཡིན་ཟེར་ན། མང་གཙོའི་ལྟ་གྲུབ་དང་ལམ་སྲོལ་གཞིར་བཟུང་ཁྲིམས་ཞིབ་པ་རྣམ་པ་དང༌། སྤྱི་འཐུས་རྣམ་པ། བཀའ་བློན་རྣམ་པ། རང་དབང་ལྡན་པའི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་བཅས་ཀྱི་གསོལ་ཕོགས་དང༌། ཟུར་ཕོགས། ལས་ཐོན་བགྲེས་ཕོགས། མཚན་དོད། ལས་དོད། ཐོབ་ཐང་གཞན་དག་སོགས་འཛིན་སྐྱོང་གིས་ཐག་གཅོད་མི་ཆོག་པར་ཁྲིམས་ལུགས་གཏན་འབེབས་ཀྱི་ལམ་ནས་ཐག་གཅོད་གནང་དགོས་པ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ནང་གསལ་ཡོད། དེ་འདྲའི་ཆ་རྐྱེན་བསྐྲུན་དགོས་དོན་ནི་སྣེ་མོ་དེ་དག་གི་ཐོབ་ཐང་དང་ཁེ་ཕན་ཁག་ལ་གང་བྱུང་གིས་སྤོར་གཅོག་དོ་ཕོགས་ཡོང་གཞི་མེད་པར་ཁྲིམས་ཐོག་ནས་སྲུང་སྐྱོབས་བྱས་ཏེ་ཁོང་ཚོས་གཞུང་དོན་ཕྱག་ལས་གནང་སྐབས་རང་གི་ཁེ་ཕན་སྐོར་རེ་དྭོགས་མི་འབྱུང་བའི་ཆེད་དུ་ཡིན། ཁྱད་པར་བཀུར་འོས་བོད་མི་མང་སྤྱི་འཐུས་རྣམ་པའི་མཚན་དོད་དང་ལས་དོད། དམིགས་བསལ་ཐོབ་ཐང་གཞན་དག་བཅས་ཁྲིམས་ལུགས་གཏན་འབེབས་ལྟར་འབུལ་དགོས་པ་བཅའ་ཁྲིམས་དོན་ཚན་ ༤༦ པ་དང་ ༥༠ པའི་ནང་ཞལ་གསལ་ཡོད་པ་དང༌། ལམ་ གྲོན་དང་འགྲིམས་འགྲུལ་ཟུར་ཕོགས་ཀྱང་ཐོབ་ཐང་ཁུངས་སུ་ཚུད་པ་ཡིན་སྟབས། སྤྱི་འཐུས་ལས་ཐོག་རྣམ་པར་བཞུགས་གནས་རྒྱལ་ཁབ་གཞན་དུ་སྤོས་སྐབས་ལམ་གྲོན་འབུལ་རྒྱུའི་ཆ་རྐྱེན་སྒྲིག་གཞི་བསྐྱར་བཅོས་ཀྱི་ལམ་ནས་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བ་ཡིན་ན་ཀླན་ཀ་ཡོང་གཞི་མེད་ཅིང༌། འཛིན་སྐྱོང་ནས་ཀྱང་རྒྱབ་གཉེར་ཞུ་རྒྱུར་དཀའ་ངལ་མེད། ཁྲིམས་ཡིག་དང་སྒྲིག་གཞི་གསར་བཟོས་སམ་བསྐྱར་བཅོས་ཇི་ལྟར་ཡང་གཏན་འབེབས་སམ་བསྐྱར་བཅོས་ཟིན་པའི་རྗེས་ནས་ཕྱག་བསྟར་གནང་རྒྱུ་ཡིན་སྟབས། འདས་པའི་བྱུང་རབས་ཀྱིས་མིག་འགྲན་ཡོང་གཞི་མེད། དེ་མིན་སྒྲིག་འཛུགས་དང་འཛིན་སྐྱོང་གི་ཐག་གཅོད་རིགས་སྔོན་བྱུང་དང་མི་མཐུན་པ་ཆགས་ཚེ་དྲང་བདེན་མ་ཡིན་པའི་ཀླན་ཀ་ཡོང་གཞི་ཡོད་པ་དངོས་བདེན་རེད། ཁྲིམས་ཀྱི་དབང་བསྒྱུར་ལ་མང་གཙོའི་ཀ་བ་གསུམ་ཀས་སྲུང་སྐྱོབ་གནང་གལ་ཤིན་ཏུ་ཆེ། ཞེས་གསུངས།

བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་བདུན་རེའི་གསར་ཤོག་བོད་མིའི་རང་དབང་གི་རྩོམ་སྒྲིག་པས་བཀའ་བློན་ཁྲི་པ་མཆོག་ལ་བཅར་འདྲི་ཞུས་པ་དེ། བོད་གཞུང་གི་དྲ་རྒྱ་ལས་འདིར་དྲངས་པ་ཡིན།

Share this:
༨༤ ཀློག་གྲངས།