རྒྱ་དཀར་ནག་གི་རྩོད་རྙོག་དང་ྋགོང་ས་མཆོག་གི་ཆིབས་བསྒྱུར།

དེ་ཡང་ལོ་སྔོན་མར་རྒྱ་ནག་གི་གནོན་ཤུགས་འོག་ནས་རྒྱ་གར་གྱི་སྲིད་བློན་ཨ་རོན་ན་ཅལ་མངའ་སྡེ་གཟིགས་སྐོར་ལ་ཕེབས་ཐུབ་མེད་པ་དང༌། དེང་སྐབས་རྒྱ་གར་གྱི་ས་མཚམས་ཁག་ལ་རྒྱ་ནག་དམག་དཔུང་གི་གནོན་ཤུགས་ཆེ་རུ་བཏག་བ་དང་བསྟུན་ནས། རྒྱ་གར་གཞུང་ཕྱོགས་ནས་རྩོད་རྙོག་ཡོད་པའི་ས་མཚམས་ཀྱི་ས་ཁུལ་རྣམས་རྒྱ་གར་གྱི་ཆ་ཤས་ཡིན་པ་སྟོན་ཆེད་དུ། དཔོན་རིགས་རྣམས་ཆེད་དུ་གཟིགས་སྐོར་ལ་ཕེབས་པ་དང༌། འོས་འཕེན་སྐབས་མི་འབོར་གྱི་གྲངས་བཤེར་ནན་པོ་བྱས་ནས་གསར་ལམ་ཁག་ནས་ཁྱབ་བསྒྲགས་སྔར་དང་མི་འདྲ་བ་བྱེད་བཞིན་ཡོད་པ་རེད།
ཟླ་བ་རྗེས་མར་ྋགོང་ས་མཆོག་ཨ་རོན་ན་ཅལ་དུ་ཆིབས་བསྒྱུར་གནང་རྒྱུ་དེ། ༢༠༠༣ ལོ་ནས་ད་ལྟའི་བར་ཕེབས་ཐེངས་ལྔ་པ་དེ་ཆགས་ཡོད་ཅིང། ཐེངས་འདིའི་ཆིབས་བསྒྱུར་ནི་ཧ་ཅང་གལ་ཆེན་ཆགས་ཀྱི་ཡོད་པས་རྒྱ་གར་གཞུང་ཕྱོགས་ནས་དོ་སྣང་ཆེན་པོ་གནང་གི་ཡོད་ལ། དེ་ཡང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་མཆོག་གིས།    ྋཏཱ་ལའི་བླ་མ་མཆོག་ནི་ཆོས་ཀྱི་དབུ་འཁྲིད་རེད་ལ་ཁོང་གིས་རྒྱ་གར་གྱི་ས་ཐོག་ཏུ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་གྱི་ཡོད་མ་རེད།    དེ་བཞིན་ཁོང་ནི་ང་ཚོའི་ལུང་པར་བཞུགས་ཡོད་པས་རྒྱ་གར་གྱི་ས་ཆ་གང་ལ་ཕེབས་རུང་རང་དབང་ཆ་ཚང་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།
དེང་སྐབས་རྒྱ་ནག་གིས་རྒྱ་གར་ལ་གནོན་ཤུགས་སྤྲོད་ཆེད་དུ། པཱ་ཀི་སི་ཐན་གྱི་སྲིད་བློན་ཡཱ་སུ་ཧྥི་ར་རྫ་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་གཉིས་ཟླ་འདིའི་ཚེས་༡༣ ཉིན་མཉམ་འཛོམས་ཀྱིས། ཀཱ་རཱ་ཀོ་རོམ་karakoramགྱི་གཞུང་ལམ་དེ་རྒྱལ་ཁབ་ཕྱོགས་གཉིས་དབར་འབྲེལ་མཐུད་བྱེད་རྒྱུ་དང༌། ད་དུང་ལས་གཞི་འདྲ་མིན་མཉམ་ལས་ཀྱིས་རྒྱ་གར་དང་པཱ་ཀི་སི་ཐན་གཉིས་དབར་རྩོད་གཞི་ཡོད་པའི་ཀ་ཤི་རྨིར་སྟངས་འཛིན་བྱེད་ཐབས་ཀྱི་དམིགས་ཡུལ་བཅངས་ཡོད་པ་རེད།    སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཡྀས། འཛམ་གླིང་རྒྱལ་སྤྱིའི་གནས་བབས་ལ་འགྱུར་བ་འགྲོ་བཞིན་ཡོད་པ་རེད་ལ། རྒྱ་ནག་མི་དམངས་དང་པཱ་ཀི་སི་ཐན་མི་དམངས་གཉིས་ག་དུས་ཡིན་རུང༌། སྙིང་དང་ལག་པ་མཉམ་རུབ་ཀྱིས་ལས་དོན་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་ཡོད་པ་རེད།
རྒྱ་གར་གྱི་ནང་སྲིད་བློན་ཆེན་ཆ་ཌམ་བྷ་རམ་མཆོག་གིས། ༡༩༤༧ ནས་པཱ་ཀི་སི་ཐན་གྱིས་ཁྲིམས་འགལ་ཐོག་ནས་རྗལ་མོ་དང་ཀཤི་རྨིར་མངའ་སྡེའི་ཆ་ཤས་ཀྱི་ས་ཁུལ་དུ་བཙན་འཛུལ་ཡང་ཡང་བྱེད་ཀྱི་ཡོད་པ་དང༌། རྒྱ་ནག་གཞུང་ཕྱོགས་ནས་པཱ་ཀི་སི་ཐན་དང་ཟླ་བསྒྲིལ་ནས་ས་ཁུལ་དེ་དག་ལ་སྟངས་འཛིན་བྱེད་ཆེད་དུ་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་པར། རྒྱ་གར་གཞུང་གིས་སེམས་འཚབ་དང་འབྱུང་འགྱུར་སེལ་དཀའ་བའི་གནད་དོན་ཞིག་ལ་བརྩི་ཡི་ཡོད་པ་རྒྱ་ནག་གིས་གསལ་པོ་ཤེས་ཀྱི་ཡོད་པ་རེད། དེས་ན་རྒྱ་དཀར་ནག་གཉིས་ཀྱི་ཕུགས་རྒྱང་རིང་པོའི་འབྲེལ་བར་དམིགས་ནས། རྒྱ་ནག་གིས་པཱ་ཀི་སི་ཐན་དང་ལྷན་དུ་ཁྲིམས་འགལ་གྱི་ཐོག་ནས་ལས་གཞི་འདྲ་མིན་གཉེར་རྒྱུར་མཚམས་འཇོག་གནང་དགོས་ཞེས་གསུངས་ཡོད་པ་རེད།།

Share this:
༡༡༢ ཀློག་གྲངས།